“ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པར་འུ་ཚོ་གཡུ་སྐེ་ཡུལ་ཚོས་རྗེས་ཕྱོགས་ཇི་ལྟར་བསྒྲུབ་དགོས་སམ།” “ཐུན་མོང་ཕྱུག་བསྒྱུར་ལ་ཡར་སྐུལ་བྱེད་པར་བྱེད་སྟངས་གསར་པ་གང་འདྲ་ཡོད་དམ།”
བསྟུད་མར་ཉིན་འགའི་རིང་ལ། དགོང་མོའི་དུས་ཚོད་དགུའི་སྟེང་གཡུ་སྐེ་ཡུལ་ཚོའི་སྐད་འཕྲིན་ཚོགས་པའི་ནང་དུ། འབྲོག་པ་མང་ཚོགས་དང་ཏང་ཡོན་ལས་བྱེད་པས་འགྱུར་ལྡོག་དང་མྱོང་ཚོར། འཕེལ་རྒྱས་བཅས་ཀྱི་སྐོར་ནས་གླེང་མོལ་སྣ་ཚོགས་བྱས་ཏེ་མ་འོངས་པར་རེ་བས་ཁེངས་པར་བྱས་ཡོད།
པདྨ་མ་བཟང་མོས་སྐད་འཕྲིན་ཚོགས་པའི་ནང་གི་ཏང་ཡོན་ལས་བྱེད་པ་རེ་རེར་མངགས་བཅོལ་བྱེད་རྒྱུར།“ཚང་མས་དྲ་ཐོག་ནས་སློབ་སྦྱོང་བྱེད་པ་ལས་གཞན་ད་དུང་དཀའ་ངལ་ཁྱད་དུ་བསད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་འབྲོག་པའི་སྦྲ་ཁྱིམ་དུ་བསྐྱལ་ནས། གྲོང་གསེབ་དར་སྤེལ་གྱི་བྱ་བ་འབྲོག་པ་མང་ཚོགས་ཀྱི་བློར་འབབ་པ་ཞིག་བསྒྲུབ་དགོས”ཟེར།
ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། གཡུ་སྐེ་ཡུལ་ཚོ་རུ་ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ། སྐྱ་ཐིང་ཐིང་གི་རྩྭ་ཐང་ལ་ཁ་བ་དཀར་པོས་གཡོགས་འདུག ཡིན་ཡང་གཡུ་སྐེ་ཡུལ་ཚོ་སྲིད་གཞུང་ཐོག་ཁང་གི་ཏང་ཡོན་ཆ་བསགས་བརྗེ་ལེན་ཚོང་ཁང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག
“ཉིན་འདི་ཚོར་གནམ་གཤིས་ཇེ་འཁྱག་ཏུ་སོང་འདུག གློག་གདན་འདིར་སྐར་མ200ཡིན་པས། ངས་དེ་བརྗེ་ལེན་བྱེད་རྒྱུ་ཡིན།” “ངེད་ཚང་གི་བྱིས་པར་རྐང་གྲུག་ཅིག་དགོས་འདོད་ཆེ་བས། ངའི་སྐར་མ90རྐང་གྲུག་ལ་བརྗེ་རྒྱུ་ཡིན།”“དེ་རིང་ངས་ཐོག་དང་པོར་ཆ་བསགས་སྐར་མས་ཚོང་ཟོག་བརྗེ་ལེན་བྱས་པ་ཡིན་པས་དགའ་བཞིན་ཡོད། རྗེས་ཕྱོགས་བྱ་འགུལ་དུ་ཞུགས་ནས་སྐར་མ་མང་པོ་བསགས་ཏེ་ཚོང་ཟོག་དེ་ལས་མང་པོ་ཞིག་ལེན་རྒྱུ་ཡིན།”
གཡུ་སྐེ་ཡུལ་ཚོའི་སྡེ་བ་སོ་སོ་ནས་ཡོང་བའི་འབྲོག་པ་ཚོས་རང་ཉིད་ཀྱི་ཏང་ཡོན་ཆ་བསགས་སྐར་མ་བཀོལ་ནས་ཚོང་ཟོག་བརྗེ་ལེན་བྱས་རྗེས། མཉམ་གཅིག་ཏུ་སྲིད་ཇུས་གསར་པས་ཁོ་ཚོར་བསྐྲུན་པའི་ཕན་བདེ་ལོངས་སྤྱོད་བྱས།
“ཚང་མས་ཆ་བསགས་སྐར་མ་ཚོང་ཟོག་ལ་བརྗེས་རྗེས། ཕྱིར་ཡུལ་ལ་ལོག་རྒྱུར་བྲེལ་བ་མ་ལངས།”པདྨ་བཟང་མོས་གོ་སྐབས་གཅིག་ཀྱང་འཐུས་ཤོར་དུ་མི་གཏོང་བར། ཚང་མར“ཏང་གི་སློབ་ཁྲིད”བྱེད་མགོ་བརྩམས། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བསྟན་དོན། གཞི་རིམ་ལེགས་འཛིན་བྱེད་པའི་ཁ་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ། ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་སྐུལ་འདེད་གཏོང་བ། ཉམ་ཆུང་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་སྒོས་དག་ཐེར་བྱེད་པ་བཅས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་མགོ་ཁྲིད་ཀྱི་འཐབ་འཛིང་བཙན་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས།”
པདྨ་བཟང་མོས་བཤད་པ་ནང་བཞིན། གཡུ་སྐེ་ཡུལ་ཚོས་གསེར་འོད་ཏང་གི་འཛུགས་སྐྲུན་དང་། ཏང་ཡོན་ཚད་འབེབས་ཆ་བསགས་དོ་དམ་བྱེད་པ་དེ“ཚད་ཤིང”དུ་བརྩིས་ཏེ། “རྩ་འཛུགས་སྐུལ་སྤེལ་དང་ཏང་ཡོན་སྐུལ་ཁྲིད། ཆ་བསགས་སྐུལ་སྤེལ། མང་ཚོགས་རང་འགུལ”བཅས་ཀྱི་བགྲོད་ལམ་གསར་པ་ཞིག་གཏོད་པར་སྐུལ་འདེད་བྱས། གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་རིམས་ནད་སྔོན་འགོག འགལ་རྩོད་གྲལ་བཤེར་དང་འདུམ་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་བརྒྱུད། ཏང་ཡོན་གདོང་མཆོང་གི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཏང་ཡོན་གྱིས་དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་བྱ་བ་སྣ་ཚོགས་དམིགས་སར་འབྱོར་བར་ཁག་ཐེག་བྱས།
གསེར་འོད་ཏང་གི་འཛུགས་སྐྲུན་དང་ཏང་ཡོན་ཚད་འབེབས་ཆ་བསགས་དོ་དམ་གྱི་བྱེད་སྟངས་དེ་དངོས་གནས་གཡུ་སྐེ་ཡུལ་ཚོའི་གྲོང་གསེབ་དར་སྤེལ་ལམ་གྱི“ཤུགས་སྣོན་འཕྲུལ་ཆས”སུ་བསྒྱུར་བར་པདྨ་བཟང་མོས་ཞིབ་ཕྲའི་ལག་ལེན་ཁྲོད་ནས་འབད་འབུངས་བྱས།
ཆུང་དུས་ནས་འབྲོག་ཁུལ་དུ་ནར་སོན་པའི་པདྨ་བཟང་མོས་འབྲོག་ཁུལ་ཏང་ཡོན་གྱི་རིག་གནས་ཆུ་ཚད་ཞན་པས། གལ་སྲིད་ས་གནས་གཞན་དག་གི་ཆ་བསགས་དོ་དམ་བྱེད་ཐབས་བླང་དོར་མ་བྱས་པར“མཐའ་གཅིག་ཏུ་ཚུར་བླངས་ཚེ།”གནས་འདིར“མི་འཚམ་པ”གསལ་པོར་རྟོགས་ཡོད།
དེར་བརྟེན། པདྨ་བཟང་མོས་ཡུལ་ཚོ་སྲིད་གཞུང་གི་ལས་བྱེད་པ་ཚོའི་སྣེ་ཁྲིད་ཅིང་སེམས་ལྷོད་ལ་བབས་ཏེ། ཏང་ཡོན་ལ“དབྱེ་ཞིབ་དང་ཞིབ་གཅོད”བྱས་པར་མ་ཟད། སྡེ་བ་རིམ་པའི་ལས་འགན་མེད་པའི་ཏང་ཡོན་གྱི་ན་ཚོད་དང་རིག་གནས་ཆུ་ཚད། ནུས་པ་དང་ཁྱད་ཆོས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གསལ་པོ་བྱས་པ་དང་། “བབ་བསྟུན་ལས་སྒྲུབ་བྱས་པ”བརྒྱུད། ལྟོས་བཅས་ཀྱི་ཏང་ཡོན་གདོང་མཆོང་ལས་རྐང་བཅུ་བཙུགས་ལ། དེའི་ཁྲོད་དུ་ཏང་གི་འཛུགས་སྐྲུན་སྐུལ་ཁྲིད་དཔྱད་བསྡུར་དང་བདེ་སྐྱོང་བརྟན་སྲུང་། སློབ་གསོ་སྐུལ་ཁྲིད། བསམ་པའི་རིག་གནས་དྲིལ་སྒྲོག ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་སོགས་ཀྱི་ལས་རྐང་ཡོད་ལ། ལས་འགན་མེད་པའི་ཏང་ཡོན་གྱིས་རང་ཉིད་ཀྱི་ལས་རྐང་ངོས་འཛིན་དང་ལས་རྐང་སྟེང་ཞུགས་པར་འགྲན་རྩོད་བྱེད་པ་མངོན་འགྱུར་བྱུང་ཞིང་། རང་ཉིད་ཀྱི“གནས་མཚམས”གསལ་པོར་རྙེད་དེ་གཞི་རིམ་དུ་རང་ནུས་གང་ཡོད་བཏོན།
ལག་ལེན་ནི་བདེན་ལུགས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན། གསེར་འོད་ཏང་གི་འཛུགས་སྐྲུན་དང་། ཏང་ཡོན་ཚད་འབེབས་སྐར་གསོག་དོ་དམ་ལག་བསྟར་བྱས་པ་ནས་བཟུང་། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ཚང་མས་འགུལ་སྐྱོད་བྱེད་མགོ་བརྩམས་ནས། ཆུ་གཤོང་བར་འབྲོག་པ་ཡོད་པ་དང་། སྡེ་བའི་བགྲོད་ལམ་འགྲམ་གྱི་གད་སྙིགས་དང་རྩྭ་ལྡུམ་གཙང་སེལ་བྱེད་པར་ཚང་མས་འགྲན་རྩོད་བྱས་ལ། ཁྱིམ་མཚེས་བར་གྱི་འགལ་རྩོད་ཀྱང་ཇེ་ཉུང་དུ་སོང་ནས་སྡེ་བའི་གོམས་སྲོལ་ཇེ་ལེགས་སུ་ཕྱིན།
ད་ལྟ། གཡུ་སྐེ་ཡུལ་ཚོའི་འབྲོག་པས་སྐར་མ་གསོག་པ་དང་བསྡུར་བར་མ་ཟད། ཧུར་ཐག་གིས་ཞིང་སྡེ་བཅོས་སྐྱོང་གི་འགུལ་སྐྱོད་ཁྲོད་ཞུགས་ནས། ཡུལ་སྲོལ་བཟང་པོ་དང་འཆམ་མཐུན་བདེ་སྡོད་ཀྱི་མཛེས་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་ལ། ཏང་ཡོན་ཏང་རྩ་འཛུགས་ཀྱི་བྱ་འགུལ་དང་ཞིང་སྡེ་བཅོས་སྐྱོང་ཁྲོད་ཞུགས་པའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་གསོན་ཤུགས་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་།
གསེར་འོད་ཏང་གི་འཛུགས་སྐྲུན་དང་། ཏང་ཡོན་ཚད་འབེབས་སྐར་གསོག་དོ་དམ་མ་དཔེ་ཁྱབ་སྤེལ་བྱས་པ་དེའི་ཁེ་ཕན་ཐོབ་མཁན་ནི་ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་གཅིག་པུ་མིན་པར། གཞན་ད་དུང་ཡུལ་ཚོ་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱང་ཡོད་པར་བྱས།
ད་ལོར་ལོ་ན45ཡིན་པའི་ཡོན་བཟང་ནི་ལུང་དམར་སྡེ་བའི་ཏང་ཡོན་ཞིག་རེད། ཁོ་ནི་བསམ་པའི་རིག་གནས་དྲིལ་སྒྲོག་པ་ཞིག་ཡིན་ལ། གཅེས་སེམས་ཏང་ཡོན་གདོང་མཆོང་ལས་རྐང་སྟེང་གི་ལས་མི་ཞིག་ཀྱང་ཡིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཡོན་བཟང་གིས་སངས་རྒྱས་དོན་གྲུབ་ཚང་གི་བུ་མོར་ན་བཞིན་ཡོད་པ་ཤེས་རྗེས། དུས་ཐོག་ཏུ་སངས་རྒྱས་དོན་གྲུབ་ཚང་ལ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས།
སངས་རྒྱས་དོན་གྲུབ་ཀྱིས་བཤད་རྒྱུར།“སྡེ་བའི་ཏང་ཡོན་ནི་དངོས་གནས་སེམས་ཁམས་རྟོགས་མཁན་ཞིག་རེད། ཉིན་འདི་ཚོར་གནམ་གཤིས་ཇེ་འཁྱག་ཏུ་སོང་བས་བུ་མོར་ཆམ་ནད་བྱུང་ལ། ཁྱིམ་གྱི་སྨན་ཡང་འཐུང་ཚར་སོང་། ད་ལྟ་རིམས་ནད་ཀྱང་བྱུང་ཡོད་པས་ང་ཚོ་གང་འདོད་དུ་སྒོ་ཕྱིར་འགྲོ་མི་ཕོད། སྟབས་ལེགས་པ་ཞིག་ལ་ཁོ་ཚོའི་རོགས་རམ་དང་མཐུན་སྦྱོར་འོག ཕྱི་དྲོར་ཡུལ་ཚོ་ནས་སྨན་བསྐྱལ་ཡོང་བ་རེད།”
ད་ལྟ། གཡུ་སྐེ་ཡུལ་ཚོའི་སྡེ་བ་སོ་སོ་རུ། ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་གྱི་བྱ་བའི་ཁྲོད་འདྲེས་སུ་བཅུག་པ་དང་། གསེར་འོད་ཏང་གི་འཛུགས་སྐྲུན་དང་ཏང་ཡོན་ཚད་འབེབས་སྐར་གསོག་དོ་དམ་མ་དཔེ་ཡིས་རོགས་རམ་དང་ནུས་ཤུགས་བཏོན་པ་བརྒྱུད། གཡུ་སྐེ་ཡུལ་ཚོ་ནི་གྲོང་གསེབ་དར་སྤེལ་གྱི་ཕྱོགས་སུ་གོམ་པ་ཆེན་པོས་མདུན་སྐྱོད་བྱེད་ཀྱིན་འདུག
པདྨ་བཟང་མོས་བཤད་རྒྱུར།“ང་ཚོའི་མཐའ་མཇུག་གི་དམིགས་ཡུལ་ནི་འབྲོག་པར་སྣེ་ཁྲིད་དེ་ཞིང་སྡེ་བཅོས་སྐྱོང་ཁྲོད་ཞུགས་མཁན་གཙོ་བོ་དང་ཁེ་ཕན་ཐོབ་མཁན། མཐའ་མཇུག་གི་དཔྱད་འཇོག་བྱེད་མཁན་དུ་འགྱུར་བ་དང་། ‘སྐར་མ་བསགས་ཏེ’‘བཅོས་སྐྱོང་ཆེན་མོར’སྐུལ་འདེད་བྱེད་པ། གཞི་རིམ་བཅོས་སྐྱོང་བྱེད་པ་དེ‘སྡེ་དོན’ནས‘ཁྱིམ་ཚང་རེ་རེའི་ཁྱིམ་དོན’དུ་བསྒྱུར་བ།‘ལས་འགན་གྱི་བཀའ’དེ‘ཡར་སྐུལ་སྣེ་ཁྲིད’དུ་བསྒྱུར་ཏེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན”ཟེར།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།