སེམས་ཤུགས་གཅིག་སྒྲིལ་སྒོས་སྐྱོད་ལམ་གསར་པར་བསྐྱོད་དེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་དགོས།
2023.01.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

མཚོ་སྔོན་གྱི་ས་གཞི་ཆེན་མོའི་ཐོག་མི་རིགས་ཀྱི་གླུ་གར་དང་། བབ་ཆགས་པའི་འཛུམ་མདངས། མི་རིགས་མཐུན་སྒྲིལ་དཔེ་སྟོན་གྱི་བྱས་རྗེས་བཅས་ཚང་མ་ནི་དུས་རབས་གསར་པའི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་འཆམ་མཐུན་མཉམ་གནས་དང་།  གཅིག་སེམས་གཅིག་སྒྲིལ།  འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ལོ་ལྔའི་རིང་མཚོ་སྔོན་གྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སེ་འབྲུ་ལྟར་དམ་པོར་འབྲེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཚོ་སྔོན་གྱི་ས་གཞི་ཆེན་མོར་ནམ་ཡང་བཞད་ཐུབ་པར་བྱས་ཡོད།  མདོ་དབུས་མཐོ་སྒང་ནས་ཙོང་ཆུའི་རོང་ས་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཤོངས་སའི་བར་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་འགྲོ་བ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ། མི་རིགས་སོ་སོའི་རྣམ་པ་དང་མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

མི་རིགས་ང་དྲུག་ནི་མེ་ཏོག་ང་དྲུག་ཡིན། མི་རིགས་ང་དྲུག་ནི་ཁྱིམ་ཚང་གཅིག་ཡིན། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་།  མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་སྟོབས་ཤུགས་གནས་ས། རེ་བ་བྱེད་ས་བཅས་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་ཏན་ཏིག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྔར་ལས་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་གནད་དམ་པོར་བཟུང་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལྟར།  ནུས་ཤུགས་ཡོད་རྒུས་ལས་དོན་སྣ་ཚོགས་ཡག་པོར་བསྒྲུབས་ནས་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། ངེས་པར་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། བསམ་ཕྱོགས་གསར་གཏོད། གཞི་རྟེན་ལ་གསོན་ཤུགས་རྒྱས་པའི་ཐད་འབད་བརྩོན་བཅས་བྱས་ཏེ།  རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ལ་དད་སེམས་དང་གཏོགས་སེམས།  སྤོབས་སེམས་བཅས་འཛིན་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱ་དགོས། ངེས་པར་དུ“མི་རིགས་མཐུན་སྒྲིལ་ཡར་ཐོན”མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྤུས་རྟགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་རྒྱག་པ།  དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་མ་དཔེ”ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།

སེམས་ཤུགས་གཅིག་སྒྲིལ་སྒོས་སྐྱོད་ལམ་གསར་པར་བསྐྱོད་དེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་དགོས།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་སྙིང་རུས། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྔར་ལས་སྐུལ་འདེད་དང་། དར་རྒྱས་གོང་འཕེལ་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་ཆེན་པོ་འབུལ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།