རྩེ་གཞུང་རྩྭ་ཐང་གི་ཆུ་བོ་སྔར་ལས་དྭངས་ཤིང་ཡུལ་ལྗོངས་སྔར་ལས་མཛེས།
2023.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

མགོན་ཤུལ་བརླན་ས་རུ། ལོ་ན་བདུན་ཅུ་ལ་སོན་པའི་ཁོར་སྲུང་དང་བླངས་པ་རྡོ་རྗེས་སྔར་བཞིན་འདས་ཟིན་པའི་ལོ་ངོ་ཉི་ཤུ་ལྷག་དང་འདྲ་བར། སྔ་མོ་ནས་མལ་ལས་ལངས་ཤིང་ནངས་ཇ་འཐུང་རྗེས། ཁོ་རང་གཅིག་པུ་དལ་བུར་ཆུ་འགྲམ་དུ་བསྐྱོད།

དུས་ཚིགས་འདིར། བྱ་རྣམས་ལྷོ་ཕྱོགས་སུ་དགུན་བསྐྱལ་དུ་འཕུར་སོང་བས། དེ་ཚོས་ཅ་ཅོ་སྒྲོག་པའི་སྐད་སྒྲ་ཐོས་རྒྱུ་མེད་པར་ཆུ་འགྲམ་དབེན་ཞིང་འཇགས་ལ་གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག བྱ་རྣམས་ཀྱི་དོན་ལ་སེམས་ཁྲལ་བྱེད་མི་དགོས་མོད། འོན་ཀྱང་རྒད་པོ་རྡོ་རྗེ་ལ་སྔར་བཞིན་ཁོམ་ལོང་མེད་པར། ཕྱོགས་ལ་ལུང་ནས་རླུང་གིས་ཁུར་ཡོང་བའི་འགྱིག་ཤོག་སོགས་གད་སྙིགས་འཐུ་བཞིན་ཡོད། ཡར་སྔོན་ཁོས་གེ་སར་རྟ་རྫིར་བཟོས་པའི་བྱ་ཚང་དག་ཁངས་དང་འཁྱགས་རོམ་གྱིས་གཡོགས་ཡོད་པ་མཐོང་སྐབས། སླར་ཡང་བྱ་ཚང་དེ་ཇི་ལྟར་མཐོ་རུ་གཏོང་དགོས་པའི་ཕྱོགས་ལ་བསམ་བློ་གཏོང་གིན་འདུག

རྒད་པོ་རྡོ་རྗེ་དང་བར་ཐག་ཧ་ཅང་རིང་བའི་ས་ཆར་འོ་མོ་ཡག་དང་སྐྱེ་ཁམས་བདག་སྐྱོང་པ་བཅུ་ཙམ་ལོངས་པ་ཞིག་གིས་གད་སྙིགས་བཏུ་སྤྱད་ཀྱི་སྐམ་པ་དང་གད་སྙིགས་བླུགས་སའི་ཁུག་མ་འཁྱེར་ནས་རྩེ་ཆུའི་འགྲམ་ངོགས་སུ་གད་སྙིགས་འཐུ་བཞིན་ཡོད།

སྔོན་ཆད་འོ་མོ་ཡག་ཚང་གིས་ཕྱུགས་འཚོས་ནས་འཚོ་བ་རོལ་གྱིན་ཡོད། ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་སྲུང་སྲིད་ཇུས་ཇེ་བཟང་དུ་སོང་བར་བསྟུན་ནས། མོ་དང་སྡེ་མི་ཚོའི་རྩྭ་ས་ཡོངས་རྫོགས་སྲུང་སྐྱོབ་ཁུལ་ནང་དུ་བཅུག་པ་དང་། མོ་དང་འབྲོག་པ་མང་པོ་ཞིག་གིས་སྐྱེ་ཁམས་བདག་སྐྱོང་པའི་དཔུང་རྟགས་བཏགས་ནས། འབྲོག་མིའི་གཅེས་སེམས་ལ་བརྟེན་ནས་ཡུལ་དེ་གའི་རི་ཆུར་སྲུང་སྐྱོབ་བྱེད་བཞིན་ཡོད།

འབྲོག་པ་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ནང་ཧུར་ཐག་སྒོས་ཞུགས་པ་དེ་ནི། རྩེ་ཁོག་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁྲོད་ཀྱི་གཅིག་རེད། ཉེ་བའི་ལོ་ཤས་རིང་། རྩེ་ཁོག་རྫོང་གིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ལག་བསྟར་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བསྐྲུན་པ་སོགས་འཛིན་ལུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་པ་དང་། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ས་བཅས་ལ་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུར་གཅིག་གྱུར་འཆར་བཀོད་བྱས་ཏེ། སྐྱེ་ཁམས་ཐོན་ལས་སྤུས་ཚད་མཐོ་ལ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

ལྗང་མདོག་སྐྱེ་ཁམས་ཀྱི་ཐོག་མའི་རང་མདངས་ལ་སྲུང་སྐྱོབ་ཡག་པོ་བྱས།

ཉེ་བའི་ལོ་འགའི་རིང་ལ། རྩེ་ཁོག་རྫོང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་ནང་ཧུར་ཐག་གིས་ཞུགས་ནས། གཞི་ཁྱོན་ཅན་གྱི་གཙང་པོ་དང་མཚེའུ་ཡི་དབྱེ་མཚམས་གཏན་འཁེལ་གྱི་བྱ་བ་ཁག48ལེགས་སྒྲུབ་བྱས་པ་དང་། ས་མཚམས་འབྱེད་པའི་སྤྱིའི་རིང་ཚད་སྤྱི་ལེ1140ལ་སླེབས་པས། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་ཁྱབ་ཁོངས་དང་བར་མཐོངས་བཀོད་སྒྲིག་བྱེད་ཚུལ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་རེད། ས་ཁོངས་ནང་གི་ཆུ་བོ23ཆུ་དཔོན་ལམ་ལུགས་ཀྱི་གཅིག་གྱུར་དོ་དམ་བྱེད་ཁོངས་སུ་བཅུག སྔ་ཕྱི་རིམ་རྩིས་བྱས་ན་སྐོར་སྐྱོད་ཐེངས1130བྱས་པ་དང་། རྫོང་ཡོངས་ཀྱི་ས་ཁོངས་ནང་གི་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་དང་། ས་འོག་ཆུའི་ལྟ་ཞིབ་ཚད་ལེན་བྱེད་ཡུལ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུ་སྤུས་བཟང་ཚད་བཅས་ཚང་མ100%ལ་སླེབས་པ་དང་། ཆུ་རྒྱུན་གཙོ་བོ་ས་ཁོངས་ནས་ཕྱི་རུ་བཞུར་བ་དང་ནང་དུ་འབབ་སའི་བཅད་ངོས་ཀྱི་ཆུ་སྤུས་ཚང་མ་ཆུ་སྤུས་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པོ་བྱུང་ཡོད། ཐལ་རྡུལ་གྱི་སྦགས་བཙོག་དང་། རྡོ་སོལ་ཐར་ཐོར་གྱི་གནད་དོན། ཐོར་རྫོབ་བཙོག་གསུམ་བཅས་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། བཟའ་བཏུང་གི་སྣུམ་དུད་དང་གད་སྙིགས་མེར་བསྲེགས་པ་བཅོས་སྐྱོང་བྱེད་པའི་བྱ་བ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱས་པས། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.5%ལ་སླེབས།

རྩེ་ཆུའི་སྐྱེ་ཁམས་སླར་གསོའི་བཟོ་འགོད་ལག་བསྟར་ལས་ཕན་ཁེ་ཐོབ། ལོ་འགའི་སྔོན་ལ། བོད་རིགས་ཕོ་གསར་འཇིགས་མེད་རྡོ་རྗེ་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་སྐོར་གཡེང་རུ་ཁག་དང་ནགས་ལས་བདག་སྐྱོང་རུ་ཁག་གི་རུ་དཔོན་དུ་གྱུར། དེང་སྐབས། གནས་གང་ཞིག་ཏུ་ཡོད་རུང་། ཁོས་ལག་འཁྱེར་ཁ་པར་ནང་གི་ཕྱི་རོལ་ལྟ་སྐུལ་ཚོད་འཛིན་མ་ལག་གི་སྒོ་ཕྱེས་ཚེ། བདག་སྐྱོང་རུ་མི་ཚོའི་རྒྱུན་ལྡན་གྱི་སྐོར་སྲུང་དོ་དམ་གནས་ཚུལ་དང་ཐ་ན་བདག་སྐྱོང་བྱེད་མ་ཐུབ་པའི་ཕྱོགས་གནས་རེ་རེ་མིག་ལམ་དུ་མངོན་ཡོང་། “ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕྱི་རོལ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚོད་འཛིན་བྱེད་ཐུབ་པས་ས་ངོས་སྐོར་སྲུང་དང་ཕྱི་རོལ་གྱི་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་གཞི་གཅིག་ཅན་དུ་འགྱུར་བ་ཁྱོན་ཡོངས་ནས་མངོན་གྱུར་བྱུང་ཡོད”ཅེས་འཇིགས་མེད་རྡོ་རྗེ་ཡིས་དེ་ལྟར་བཤད།

སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་བྱས།

རྩེ་ཁོག་རྫོང་གིས“རྒྱལ་ཁབ་ཀྱི་རང་བྱུང་སྤྱི་གླིང་ཆེན་པོ་བཞི”ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། མཚོ་རྒན་རྒྱལ་ཁབ་རྩྭ་ཐང་དང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་འཆར་འགོད་སྒྲིག་ཁོངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གི་ཐོག་མའི་རྣམ་པ་བསྐྲུན་ཡོད། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ས་བཅས་ལ་མ་ལག་ཚང་བའི་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། རྩེ་ཆུ་དང་རོང་བོ་དགུ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་འགོད་ལག་ཏུ་བསྟར་བ་དང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ཁག་དགུ་ལག་ཏུ་བསྟར་བས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ནགས་ཚལ་གྱིས་ཁེབས་པའི་ཚད21.5%ལ་སླེབས་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྤང་ཤུན་ཁེབས་ཚད71.1%ལ་སླེབས་པ། རྩྭ་ཐང་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པའི་རྒྱ་ཁྱོན་མུའུ་ས་ཡ་དགུ་དང་འབུམ་བདུན་ཁྲི་གསུམ་ལྷག་ལ་སླེབས་ཤིང་། རིམ་རྩིས་ཀྱིས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཇེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ལྷག་བྱིན་པ་དེས་འབྲོག་ཁྱིམ་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་ལ་ཕན་ཁེ་ཐོབ་ཅིང་། རིམ་རྩིས་ཀྱིས་འབྲོག་ཁྱིམ་གྱི་མི་ཐེངས་ཁྲི་བདུན་དང་སྟོང་བརྒྱད་ལ་ཕན་ཁེ་ཐོབ་ཡོད།

རྩེ་ཁོག་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དུ་ལུག་བལ་ལས་སྣོན་དང་ཕྱིར་འཚོང་ཀུང་སི་བཙུགས་ཡོད་པའི་འཇམ་དཔལ་གྲགས་པའི་བྱ་བར་ཧ་ཅང་བྲེལ་བ་ཆེ་ཡང་སེམས་པ་སྤྲོ་བས་ཁེངས་ཡོད།

ཀུང་སི་དེ་ནི་འཇམ་དཔལ་གྲགས་པས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཉམ་དུ་བཙུགས་པ་ཞིག་ཡིན་ཞིང་།“ང་ཚོས་རིམ་གྱིས་རྒྱ་ཆེ་རུ་བསྐྱེད་པ་དེ་ནི་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད”ཅེས་བཤད། 2021ལོར་འཇམ་དཔལ་གྲགས་པའི་ཀུང་སིའི་ཚོང་གཉེར་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་བཞི་ལ་སླེབས་པ་དང་། ལུག་བལ་གྱི་ཉལ་ཐུལ་དང་སྐེ་དཀྲིས་ནི་དྲ་ཐོག་གི་ཐོན་རྫས་གྲགས་ཅན་དུ་གྱུར་ལ། དེར་མ་ཟད་ཁོ་རང་ཉིད་ཀྱིས་ཀྱང་བརྙན་ཐུང་སྟེགས་བུ་བརྒྱུད་དེ་ཚོང་རྫས་བཙོངས་པས་མི་མི་ཉུང་བ་ཞིག་གིས་དོ་ཁུར་བྱས་སོང་།

ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་ལས་མ་ལག་ནུས་ཤུགས་གང་ཡོད་ཀྱིས་བསྐྲུན།

རྩེ་ཁོག་རྫོང་གིས་རྒྱལ་ཡོངས་རྩྭ་ཐང་ཕྱུགས་ལས་རིགས་བསྒྱུར་རིམ་སྤོར་གྱི་ཚོད་ལྟའི་རྫོང་དུ་ཚུད་པའི་གོ་སྐབས་ལ་བརྟེན་ནས། རིགས་བསྒྱུར་རིམ་སྤོར་གྱི་ཚོད་ལྟའི་ལས་གཞི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་པོ་བཏང་ལ། ཐོན་ལས་གླིང་ཁུལ་རིམ་སྤོར་བསྒྱུར་བཀོད་དང་ཞིང་ཕྱུགས་ཐོན་རྫས་ཞིབ་བཤེར་ཚད་ལེན་ཞབས་ཞུ་ལྟེ་གནས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། རིག་ནུས་ཅན་གྱི་ཉོ་ཚོང་ཁྲོམ་ར་ཚོད་ལྟའི་གཉེར་སྐྱོང་གི་དུས་མཚམས་སུ་སླེབས་པ་དང་། གླིང་ཁུལ་འཁྱགས་སྦྲེལ་བསྡུ་འགྲེམས་ལྟེ་གནས་དང་འབྲི་མོའི་འོ་བཟོས་ཐོན་རྫས་ལས་སྣོན་གླིང་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད། ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་དང་། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཕྱོགས་བསྡུས་རང་བཞིན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཁང་དང་། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་རི་ཕྱོར་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཕྱུགས་ར་ལྟ་སྐོར་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྲོ་གསེང་སྤྲོ་སྐྱིད་གླིང་གི་ལས་གཞི་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། མཚོ་བོད་སྐྱེ་ཁམས་དཔལ་ཡོན་དངོས་མང་བཤམས་སྟོན་ཁང་སོགས་སྐྱེ་ཁམས་ཡུལ་སྐོར་གཞི་ཁྱོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

དུས་མཚུངས་སུ། རྩེ་ཁོག་རྫོང་གིས་ད་དུང་སྟོང་ཝ་བྱེ་བ་གཅིག་དང་འབུམ་བརྒྱད་ཅན་གྱི་ཕྱུགས་སྐྱོང་དང་འོད་ཧྥུའུ་གཞི་གཅིག་ཅན་གྱི་འོད་ཧྥུའུ་གླིང་ཁུལ་འཆར་འགོད་སྒྲིག་བཟོ་བྱས་པ་དང་། འཆར་གཞིར་བསྡོམས་པས་མ་དངུལ་སྒོར་མོ་ཐེར་ཆེན་ལྔ་དང་ཐེར་འབུམ་བཞི་བཏང་བས། 2022ལོར་གསར་སྤེལ་གྱི་གཞི་ཁྱོན་སྟོང་ཝ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་ལྔ་ལ་སླེབས། དེའི་ནང་དུ། ཕྱུགས་འོད་གསོག་འཇོག་གཞི་གཅིག་ཅན་འཛུགས་པའི་ལས་གཞི་གསར་སྤེལ་གཞི་ཁྱོན་སྟོང་ཝ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དང་། རླུང་གློག་ལས་གཞི་གསར་སྤེལ་གཞི་ཁྱོན་སྟོང་ཝ་ས་ཡ་གཅིག་ལ་སླེབས་ཡོད་པས། ནུས་རྒྱུ་གཙང་མའི་ཐོན་ལས་དེ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་དང་ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་གྱུར་ཡོད།

རྩོམ་སྒྲིག་པ་། ཚེ་རིང་སྒྲོལ་མ།