གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་སྔོན་པོའི2022ལོའི་དགུན་དུས་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས། 2022ལོར་མཚོ་སྔོན་པོའི་དགུན་སྒྲོལ་ཆུ་བྱའི་རིགས་དགུ་དང་གྲངས་འབོར་ཁྲི་གཅིག་དང་སྟོང་གཅིག་བརྒྱ་ལྷག་ཙམ་ཡོད་པ་དེ2021ལོའི་དུས་མཉམ་ལས་ལྡབ3.5འཕར་ཡོད་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་ལྟ་ཞིབ་ཚད་ལེན་དེ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ནང་མཚོ་སྐོར་ཆུ་བྱའི་འཚོ་གནས་ལྟ་ཞིབ་ཚད་ལེན་མ་དཔེ་ཁུལ24དང་དགོ་བའི་ལྟ་ཞིབ་ཚད་ལེན་མ་དཔེ་ཁུལ15ཚུད་ཡོད་པ་དང་། མཚོ་སྔོན་པོའི་དགུན་སྒྲོལ་ཆུ་བྱའི་རིགས་དང་། དགོ་བའི་དགུན་དུས་ཀྱི་རྒྱུད་སྤེལ་དུས་ཚོད་དང་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སོགས་ཀྱི་ནང་དོན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡང་ཚུད་ཡོད།
རང་རྒྱལ་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོར“འདབ་ཆགས་ཀྱི་ཞིང་ཁམས”ཞེས་འབོད་ཀྱིན་ཡོད། གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། མཚོ་སྔོན་པོར་འདབ་ཆགས་རིགས98དང་གྲངས་འབོར་འབུམ་དྲུག་ལྷག་ཙམ་འཚོ་སྡོད་བྱས་ཡོད་པས་ཀྲུང་གོའི་དུས་བྱའི་སྐྱེ་འཕེལ་གྲངས་འབོར་མང་ཤོས་དང་ཁྱུ་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་སྤེལ་ཁུལ་གྱི་གྲས་ཤིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་གྲས་སུ་གཏོགས་པའི་ངང་དཀར་དྲུག་བརྒྱ་ལྷག་ཙམ་ཡོད་པ་དེ2021ལོའི་དུས་མཉམ་ལས་ལྡབ་གཉིས་འཕར་བ་དང་། ངུར་བ་ཁྲི་གཅིག་དང་ལྔ་བརྒྱ་ལྷག་ཙམ་ཡོད་པ་དེ2021ལོའི་དུས་མཉམ་ལས་ལྡབ་གསུམ་དང་གྲངས་ཆུང་དགུ་ཇེ་མང་དུ་སོང་ཡོད། དུས་མཚུངས་སུ། ལྟ་ཞིབ་ཚད་ལེན་མི་སྣས་ད་དུང་མཚོ་སྔོན་པོའི་ལྷོ་འགྲམ་གྱི་འཚོ་གནས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་ཁ་ཟས་ཕུན་སུམ་ཚོགས་པའི་དབང་གིས་ངུར་བ་དེ་ལས་མང་པོ་ཞིག་གིས“གཏན་སྡོད”བྱ་ཡུལ་མཚོ་སྔོན་པོ་བདམས་ཡོད་པ་ཤེས་རྟོགས་བྱུང་།
“ངུར་བ་དེ་ལས་མང་པོ་དབྱར་སྒུག་བྱ་རིགས་ནས་གཏན་སྡོད་བྱ་རིགས་སུ་གྱུར་པ་དེ་ཡང2022ལོར་དགུན་སྒྲོལ་ཆུ་བྱའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།”མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་རང་བྱུང་སྲུང་སྐྱོབ་ཚན་ཁག་གི་ཡི་འགོ་གཙོ་སུན་ཅན་ཆིང་གིས་དེ་ལྟར་བཤད།
2007ལོ་ནས་བཟུང་སུན་ཅན་ཆིང་མཚོ་སྔོན་པོར་སྐོར་གཡེང་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བའི་ནང་ཞུགས་པ་རེད། “ལོ་དེ་དག་གི་རིང་ལ་ཡུལ་དངོས་ནས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་འཚོ་གནས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་།” སུན་ཅན་ཆིང་གིས་བརླན་སའི་ཁྱད་ཆོས་སྟོན་བྱེད་ཀྱི་སྐྱེ་དངོས་ཤིག་ཡིན་པའི་ངོས་ནས་ཆུ་བྱ་མང་དུ་ཕྱིན་པ་དེའི་ཐོག་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་བརླན་སའི་ནུས་པ་རྒྱུན་མི་ཆད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་གསལ་བཤད་བྱས་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་། ས་གནས་དེ་གའི་སྲིད་གཞུང་གིས་འབབ་རྒྱུད་ནང་གི་ལྟ་ཞིབ་ཚད་ལེན་མ་ལག་ཧུར་ཐག་སྒོས་བཙུགས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ས་གནས་དེ་གའི་རོང་འབྲོག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་ནས་མི་མང་པོ་ཞིག་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས་ཡོད། ཕྱོགས་མང་པོ་ནས་སྲུང་སྐྱོབ་བྱས་པ་བརྒྱུད། མཚོ་ཆེན་པོ་མཐིང་མདོག་ཏུ་གྱུར་པ་དང་། བྱ་བརྒྱ་གཅིག་ཏུ་འདུས་པས་མི་རྣམས་དགའ་འོས་པའི་རྣམ་པ་ཞིག་ཆགས་ཡོད།
“ཐེངས་འདིའི་ལྟ་ཞིབ་ཚད་ལེན་བྱ་བར་བརྟེན་ནས་ཞིབ་འཇུག་མི་སྣས་དགུན་སྒྲོལ་ཆུ་བྱའི་རིགས་དང་དགོ་བའི་ཁྱབ་ཚུལ་དང་འགུལ་རྣམ་འགྱུར་ལྡོག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་ཆེད། ཞིབ་ཅིང་ཁུངས་བཙན་པའི་རྨང་གཞིའི་གཞི་གྲངས་གསོག་འཇོག་བྱས་ཡོད”ཅེས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧོ་ཡུས་པང་གིས་དེ་ལྟར་བཤད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།