འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད། བདེ་སྐྱིད་ཀྱི་ལེའུ་གསར་པ་མཉམ་དུ་འབྲི།
2023.02.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་མའི་ཞོ་ཀུང་སིའི་ལས་བཟོ་པས་ཐོན་སྐྱེད་འཁོར་ཁང་དུ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་ཀྱིན་པ།

བར་སྐབས་འདི་ནི་མདོ་དབུས་མཐོ་སྒང་དུ་གྲང་ངར་ཤིན་ཏུ་ཆེ་བའི་དུས་ཚིགས་ཤིག་ཡིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཨ་མའི་ཞོ་འོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་རུ་བསྐྱོད་པ་ན། ཐོན་སྐྱེད་འཁོར་ཁང་དུ་ཚ་ཚ་འུར་འུར་བྱས་ནས་བྲེལ་འཚུབ་ཀྱིས་ཁེངས་འདུག

ཡུས་ཧྲུའུ་ཨ་མའི་ཞོ་འོ་ལས་ནི་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་མི་དམངས་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་དང་། མཚོ་སྔོན་ཞིང་ཆེན་གྱི་ནོར་གནག་འོ་ལས་ཚོང་རྟགས་མིང་གྲགས་ཅན“ཨ་མའི་ཞོ”ཞེས་པ་ནང་འདྲེན་བྱས་ཏེ། 2019ལོའི་ཟླ5པའི་ཚེས8ཉིན་འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་ཐོ་འགོད་བྱས་ནས་བཙུགས་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས། ཀུང་སིའི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཁེ་ལས་འཕེལ་རྒྱས་གོང་འཕེལ་གཏོང་བའི་ཐད་སྔ་ན་མེད་པའི་ཡིད་ཆེས་ཀྱིས་ཁེངས་འདུག

“ཏང་གི་འཛུགས་སྐྲུན”དེ་ཆེས་བཟང་བའི་སྒུལ་ནུས་སུ་བསྒྱུར་བ།

“བཟོ་གྲྭའི་འགོ་གཙོ་རྡོ་རྗེ་ཆོས་རྒྱལ་ཁྱོད་ཡང་རྒྱུ་ཆ་ཉོ་རུ་སླེབས་བྱུང་ངམ། གནམ་གཤིས་ཧ་ཅང་འཁྱག་པས་ཁྱོད་ཚོས་དཀའ་ལས་མྱངས་སོང་།” རྡོ་ཚེ་ཡུལ་ཚོ་སྙེ་ཆགས་སྡེ་བ་དང་ཕ་ཡུལ་གཅིག་པའི་སྡེ་མིས་རང་སྡེ་བར་རྒྱུ་ཆ་ཉོ་རུ་ཡོང་བའི་རྡོ་རྗེ་ཆོས་རྒྱལ་ལ་འཚམས་འདྲི་བྱས། ཏང་ཡོན་རྡོ་རྗེ་ཆོས་རྒྱལ་ནི་ཡུས་ཧྲུའུ་ཨ་མའི་ཞོ་འོ་ལས་ཀྱི་བཟོ་གྲྭའི་འགོ་གཙོ་ཡིན་ཞིང་། ཀུང་སི་རུ་གཙོ་བོ་ཐོན་སྐྱེད་ལས་ཀའི་འགན་ཁུར་ཡོད་པ་དང་། སྙེ་ཆགས་སྡེ་བ་ནི་ཁོའི་ཕ་ཡུལ་ཡིན་ལ་ཁོས་འགན་ཁུར་པའི་སྣེ་འབྲེལ་སྡེ་བ་ཡང་རེད།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས། ཀུང་སིས་དུས་ཐོག་ཏུ་ལས་བཟོ་པ་ཡོངས་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཉམ་གཅིག་ཏུ་སློབ་སྦྱོང་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བསྟན་དོན། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་པ་གསར་པས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་པ་དེ་ལས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། ལས་བཟོ་པ་རྣམས་ཀྱིས་དེར་རེ་སྒུག་གིས་ཁེངས་འདུག ད་ལྟ། ཀུང་སིས་སྤེལ་བའི‘ཏང་ཡོན་དང་སྣེ་འབྲེལ་སྡེ་བའི’ལས་ཀའི་མ་དཔེ་གསར་པ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་གསར་སྐྲུན་བྱེད་སྟངས་ཤིག་ཡིན”ཞེས་རྡོ་རྗེ་ཆོས་རྒྱལ་གྱིས་མཚམས་སྦྱོར་བྱས་བྱུང་།

ཁ་ཕྱོགས་གསལ་པོར་བསྟན་པས། ཇི་ལྟར་དོན་འཁྱོལ་དངོས་འབེབས་བྱེད་པ་ནི་གནད་འགག་ཏུ་གྱུར་ཡོད། རྒྱུས་ལོན་བྱས་པ་ལྟར་ན། ཨ་མའི་ཞོ་ཀུང་སི་རུ་བསྡོམས་པས་ཏང་ཡོན་བདུན་དང་ཏང་ནང་དུ་ཞུགས་པའི་ཧུར་བརྩོན་མི་སྣ་བཅུ་གསུམ་ཡོད་པ་དང་། ཀུང་སིས“ཏང་ཡོན་དང་སྣེ་འབྲེལ་སྡེ་བའི”ལས་ཀའི་མ་དཔེ་ལག་བསྟར་བྱས་རྗེས། ཏང་ཡོན་དང་ཏང་ནང་དུ་ཞུགས་པའི་ཧུར་བརྩོན་མཁན་གྱིས་དུས་ཐོག་ཏུ་སྣེ་ཁྲིད་དེ་མགྱོགས་མྱུར་ངང་དང་ལེན་བྱས་པ་དང་། རང་སོ་སོའི་སྣེ་འབྲེལ་སྡེ་བ་གཏན་འཁེལ་བྱས་པར་མ་ཟད། དེ་དང་འབྲེལ་ཡོད་ཀྱི་ལས་ཀའི་གྲོས་གཞི་སྒྲིག་བཟོ་གཏན་འབེབས་བྱས།

སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་རོང་འབྲོག་པའི་ཡོང་སྒོ་སྤར་བའི་རྨང་གཞི་བརྟན་པོ་དེ་ཡིན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དང་། གཙོ་གནད་ཚོགས་པའི་ལས་ཞུགས་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་བཏང་སྟེ། དཀའ་ངལ་ཚོགས་པའི་ལས་ཞུགས་མཐིལ་རྟོལ་རོགས་སྐྱོར་ལ་ཤུགས་སྣོན་དགོས། འཇིགས་གོ་ཚེ་གཟུངས་ནི་ཁོ་ཚོ་སྡེ་བའི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ཞིག་ཡིན་མོད། འོན་ཀྱང་ཨ་མའི་ཞོ་ཀུང་སི་རུ་ཁོ་ལ་ཐོབ་ཐང་གསར་པ་ཞིག་ཡོད་དེ། ཁོ་ནི་ཀུང་སི་རང་གི་ཕྱུགས་རའི་ཕྱུགས་རྫི་རེད། ཁོ་རང་ཕྱུགས་ར་རུ་ལས་ཞུགས་བྱས་ནས་བརྟན་འཇགས་ཀྱི་ལས་ཀ་ཞིག་ཡོད་པ་དང་། ཟླ་རེའི་སྒོར་སྟོང་ཕྲག་འགའི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པས། ཁྱིམ་ཚང་གང་བོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད། “ངའི་ཉིན་རྒྱུན་གྱི་ལས་ཀ་ནི་ནོར་ལུག་དང་ཕྱུགས་རར་ལྟ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། ཁོམ་སྐལ་རེ་ཡོད་ཚེ་ད་དུང་ཁྱིམ་གྱི་ལས་ཀ་ཡང་ལས་ཐུབ། ངས་རང་ཁྱིམ་གྱི་སྒོ་ཁ་རུ་ལས་ཀ་འདི་འདྲ་བཟང་པོ་ཞིག་ལས་ཐུབ་པ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་དྲིན་ཡིན”ཞེས་འཇིགས་གོ་ཚེ་གཟུངས་ཀྱིས་འཛུམ་དང་བཅས་ཏེ་བཤད།

ཨ་མའི་ཞོ་ཀུང་སི་ཡིས་རྫོང་ཡོངས་ཀྱི་མཉམ་ལས་ཁང་ཉེར་གཅིག་དང་ཉོ་སྒྲུབ་གྲོས་མཐུན་བཞག་པ་དང་། མཉམ་ལས་ཁང་གི་འོ་མ་དང་མར་སོགས་ཨ་མའི་ཞོ་ཀུང་སི་ཡིས་འཚོལ་སྡུད་བྱས་ཏེ། “ཀུང་སི་དང་རྟེན་གཞི། ཐོན་སྐྱེད་མཉམ་ལས་ཁང་། ནོར་གནག་གསོ་སྤེལ་ཁྱིམ་ཚང་། གཟན་རྩ་འདེབས་འཛུགས་རྟེན་གཞི”ཡི་ཐོན་ལས་ཅན་གྱི་ལས་གཉེར་མ་དཔེ་ཡིས། རྫོང་ཡོངས་ཀྱི་ཕྱུགས་ལས་མཉམ་ལས་ཁང་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་ཁྲིད་བྱས་པར་མ་ཟད། མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་པའི་བརྟན་འཇགས་ཀྱི་ཡོང་སྒོ་འཕར་བར་ཡང་སྐུལ་ཁྲིད་བྱས།

སློབ་སྦྱོང་ནི་ཆེས་བཟང་བའི“ནུས་ཤུགས”སྩོལ་ཐབས་སུ་བསྒྱུར་བ།

“ཚན་རྩལ་གསར་སྐྲུན་དང་འཇོན་མི་གསོ་སྐྱོང་བྱེད་པ་ནི་ནམ་ཡང་ཀུང་སིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་ཤིག་ཡིན་པ་དང་། མིག་སྔར་ང་ཚོས་པེ་ཅིན་ཧྲེ་ནོང་སྡེ་ཚོགས་དང་མཚོ་སྔོན་ཐེན་ལུའུ་འོ་ལས་སོགས་སྤུན་ཟླ་ཁེ་ལས་དང་ཧུར་ཐག་གིས་སྦྲེལ་མཐུད་བྱེད་བཞིན་ཡོད། གལ་ཏེ་བདེ་བླག་བྱུང་ཚེ། ལས་བཟོ་པ་རྣམས་ཀྱིས་མགྱོགས་མྱུར་སྒོས་བརྗེ་རེས་དང་སློབ་སྦྱོང་བྱེད་ཐུབ”ཅེས་འཆི་མེད་རབ་བརྟན་གྱིས་དེ་ལྟར་བཤད་བྱུང་།

ད་ལོ་ལོ་ཉེར་བདུན་ཡིན་པའི་ཡུམ་སྐྱིད་ཚེ་མཚོ་ནི་ཀུང་སིའི་སྤུས་ཚད་ཞིབ་བཤེར་ལྟ་ཞིབ་པ་ཞིག་ཡིན་ཞིང་། མོ་ལོ་ན་ཆུང་རུང་ཀུང་སི་བཙུགས་ནས་ད་ལྟའི་བར་དུ་སྤུས་ཚད་ཞིབ་བཤེར་སྡེ་ཁག་ནས་བྱ་བ་བསྒྲུབས་པ་དང་། ད་ལྟ་ཀུང་སིའི་ལས་བཟོ་པ་རྒན་པར་བརྩིས་ཆོག་ལ། ཐེངས་འདིའི་ཧྲེ་ནོང་སྡེ་ཚོགས་དང་ཐེན་ལུའུ་འོ་ལས་སུ་སློབ་སྦྱོང་བྱེད་དུ་སོང་བའི་ཁྲོད་ཡུམ་སྐྱིད་ཚེ་མཚོ་ཡང་ཡོད། “ངས་དུས་རྒྱུན་དུ་སྤུས་ཚད་ཞིབ་བཤེར་སྡེ་ཁག་ནས་བྱ་བ་བསྒྲུབས་པས། སྤུས་ཚད་ཞིབ་བཤེར་གྱི་གལ་ཆེན་རང་བཞིན་ཟབ་མོར་རྟོགས་ཡོད། ཐེངས་འདིའི་སློབ་སྦྱོང་བརྩིས་ན་ངས་ཕྱི་ནས་ཐེངས་གསུམ་ལ་སློབ་སྦྱོང་བྱས་པ་ཡིན། སྔོན་ཐོན་གྱི་ཁེ་ལས་ཆེན་པོར་སོང་ན་གཞུང་ལུགས་ཆེས་གསར་པ་དང་ལག་རྩལ་མང་པོ་ཞིག་སྦྱོང་ཐུབ་པས། ངས་སློབ་སྦྱོང་བྱེད་པའི་གོ་སྐབས་རེ་རེ་ཤིན་ཏུ་གཅེས་སྤྲས་བྱས་པ་ཡིན། ཕྱིར་ལོག་རྗེས་ངས་ཀྱང་དུས་ཐོག་ཏུ་རང་ཉིད་ཀྱིས་བསླབས་པའི་ཤེས་བྱ་ལས་གྲོགས་གཞན་དག་ལ་མཉམ་རོལ་བྱས་ཏེ་ཚང་མ་མཉམ་དུ་གོང་འཕེལ་འབྱུང་རྒྱུ་ནི་ངའི་རེ་བ་ཡིན”ཞེས་ཡུམ་སྐྱིད་ཚེ་མཚོ་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།