“ཁྲི་གཅིག་ཅན་གསུམ”གྱིས་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་བསྩལ།
2023.02.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

དགུན་གཞུང་ལ། མཐོ་སྒང་གི་ཉི་འོད་མིའི་ལུས་སྟེང་དུ་འཕྲོས་པ་ན་དྲོད་ལམ་ལམ་གྱི་སྣང་བ་ཞིག་ངང་གིས་སྦྱིན་འོང་། ཐང་མགོ་གྲོང་རྡལ་གྱི་ཐང་ཆེན་དུ་འགྲེང་བའི་འབྲུག་བྱམས་རྒྱལ་གྱི་སེམས་སུ“ཁྲི་གཅིག་ཅན་གསུམ”གྱི་ཕུགས་མདུན་གཞི་ནས་མངོན་འགྱུར་བྱུང་སོང་སྙམ་ནས། གདོང་གི་འཛུམ་མདངས་ཉི་འོད་ལས་ཀྱང་ལྷག་པར་མངོན།

འབྲུག་བྱམས་རྒྱལ་གྱི་ཁྲི་གཅིག་ཅན“གསུམ”གྱི་གནས་ཚུལ་ཚང་མས་ཀྱང་ཅུང་ཙམ་ཤེས་ལ། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱི་ཐོན་ཁུངས་ལེགས་བསྡུས་ཧྲག་སྡེབ་བྱས་པའི་སྟབས་ཀྱིས། རྒྱུད་བཟང་ནོར་གནག་ཁྲི་གཅིག་དང་བལ་འཇམ་ལུག་ཁྲི་གཅིག་གསོས་ཤིང་ནས་མུའུ་ཁྲི་གཅིག་བཏབ་པ་དེ་ཡིན་ལ། ཚང་མ་ཧ་ལས་བཞིན་པ་ནི “ཁྲི་གཅིག་ཅན་གསུམ”འདི་འདྲའི་མགྱོགས་པོར་མངོན་འགྱུར་བྱུང་བ་དེ་རེད།

རྫོང་མཁར་ནས་ཐོན་ཏེ་ནུབ་བྱང་མཚམས་ཀྱི་འབའ་ཆུ་དེད་དེ་སྤྱི་ལེ་བཅུ་ལྷག་ཏུ་སོང་ན་ཐང་མགོ་གྲོང་རྡལ་དུ་ཐོན་ཐུབ། 2021ལོར་འབྲུག་བྱམས་རྒྱལ་གྱིས་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་རྗེས། “ཁྲི་གཅིག་ཅན་གསུམ”མངོན་འགྱུར་འབྱུང་བར་ཐེངས་མང་པོར་སྐུལ་འདེད་བྱས་པ་དང་། ལྷག་པར་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ། འབྲུག་བྱམས་རྒྱལ་གྱི་སེམས་སུ་འགོར་འགྱངས་བྱེད་མི་རུང་སྙམ།

ཐང་མགོ་གྲོང་རྡལ་ནི2006ལོའི་ཟླ8པར་ཐང་རྒན་དང་མགོ་མང་ཡུལ་ཚོ་གཉིས་མཉམ་དུ་བསྲེས་ནས་བྱུང་བ་རེད། གྲོང་རྡལ་དེར་སྡེ་བ17དང་སྡེ་ཁུལ2ཡོད་ལ། ཁྱིམ་ཚང་སྟོང་གཉིས་དང་དགུ་བརྒྱ་གྱ་དྲུག་དང་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་ཡོད། ཐོན་ལས་སྦྲེལ་ཐག་སྣ་རྐྱང་ཡིན་པས་སྦྲེལ་ཐག་དེ་བསྲིང་དཀའ་བར་གྱུར། ཞིང་ཕྱུགས་ཐོན་རྫས་ཀྱི་སྣ་ཁ་ཉུང་བར་མ་ཟད་སྤུས་ཀ་བཟང་རུང་རིན་གོང་དམའ་བ་དང་། རྨང་གཞིའི་སྡེབ་སྒྲིག་སྒྲིག་བཀོད་འཐུས་ཚང་མིན་ཞིང་ཚོང་ཁྲོམ་ཅན་དུ་འཚམ་པའི་ནུས་པ་ཞན་པ་སོགས་ཀྱི་ཞན་ཆ་ཡོད་རུང་། ཐང་མགོ་གྲོང་རྡལ་གྱིས་འཕེལ་རྒྱས་དང་འཚོལ་སྙེག་གི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་།

རྩྭ་བཟང་བ་དང་ཕྱུགས་ཟོག་ལེགས་ལ་ཕན་འབྲས་ཀྱང་བཟང་། གྲོང་རྡལ་ཡོངས་ཀྱི་ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་དགུ་དང་སྟོང་བརྒྱད་ཡོད་པ་དང་བེད་སྤྱོད་བྱས་ཆོག་པའི་རྩྭ་ས་སྤྱི་ཆིང་ཁྲི་དྲུག་དང་སྟོང་བདུན་སུམ་བརྒྱ་ཡོད། སྐྱེ་ཁམས་སྲུང་སྐྱོབ་བྱས་པ་ཅུང་ལེགས་པ་དང་། ཁྱད་དུ་འཕགས་པའི་ཞིང་ཕྱུགས་ཐོན་ཁུངས་ལྡན་པས། སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱུགས་རྒྱུད་གསོ་བ་དང་ཕྱུགས་འཚོ་བར་རང་བྱུང་གི་ཆ་རྐྱེན་ལེགས་པོ་ལྡན་ཞིང་། “ཁྲི་གཅིག་ཅན་གསུམ”གྱི་ཕུགས་འདུན་གྱི་འཆར་འགོད་ཀྱང་འདི་ལྟར་འཐེན།

རྟ་ལུང་སྡེ་བས་སྔོན་ཆད་གཙོ་བོ་ཞིང་འདེབས་པ་དང་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། དཔལ་འབྱོར་གྱི་ཡོང་འབབ་སྣ་རྐྱང་ཡིན་ལ་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་ཀྱིན་ཡོད། འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་པ་ལ་བརྟེན་ནས་སྡེ་བ་དེས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བེད་སྤྱོད་གང་ལེགས་བྱས་ཤིང་། ས་ཞིང་འདེབས་པ་དང་རྩྭ་ས་གླས་པ་བརྒྱུད། ཞིང་ཕྱུགས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། ཐོན་སྐྱེད་ཅན་ལ་སྐུལ་འདེད་བཏང་བས། སྡེ་བའི་ཁྱིམ་ཚང་སུམ་ཅུ་དང་མི་བརྒྱ་དང་ཉེར་བདུན་ཡོད་པ་ཚང་མ་ས་ཞིང་འདེབས་པ་དང་རྩྭ་ས། ཕྱུགས་ཟོག་བཅས་ཀྱི100%ཡི་མ་རྐང་འཇོག་མཁན་དུ་གྱུར།

ཐོན་ཁུངས་མ་རྐང་དུ་གྱུར་པ་དང་། སྒོར་མོ་མ་དངུལ་དུ་གྱུར་ལ། འབྲོག་དམངས་མ་རྐང་འཇོག་མཁན་དུ་གྱུར་པས། ཞིང་སྡེའི་ངལ་རྩོལ་པ་ལྷག་མ་རྣམས་ལ་ལས་ཀ་ཡོད་དུ་བཅུག་པ་དང་ཞིང་པའི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད། དེར་མ་ཟད་ཁེ་སྤོགས་བགོས་ནས་ཁེ་ཕན་རེག་པ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ཡོང་བ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་འབྱུང་བའི་མཛེས་སྡུག་གི་རེ་སྨོན་མངོན་འགྱུར་བྱུང་།

རྟ་ལུང་སྡེ་བ་ཁོ་ན་དེ་ལྟར་མིན་ལ་ཐང་མགོ་གྲོང་རྡལ་དུའང་མིག་ལམ་དུ་མངོན་པ་ཆེས་མང་བ་ནི་སྟོན་མཇུག་གི་གཟན་རྩྭ་ཡིན་ཏེ། རི་ལྟར་སྤུངས་པའི་གཟན་རྩྭའི་ཕུང་བོ་དག་ནི་འབྲོག་པ་རྣམས་ཀྱིས་སོ་སོའི་ནོར་ལུག་ལ་བསགས་པའི་གཟན་ཆས་འདང་ངེས་པ་རེད།

ནོར་ལུག་ལ“‘དབྱར་ཁ་དང་སྟོན་ཁར་ཤ་ཤེད་རྒྱས་པ་དང་། དགུན་ཁར་ཤེད་ལྷུང་ནས་དཔྱིད་ཀར་ཤི་འགྲོ’བར་འབྲོག་པ་རྣམས་སྐྲག་བཞིན་ཡོད་མོད། འོན་ཀྱང་ཐང་མགོ་རུ་གནས་ཚུལ་དེ་ལྟ་བུ་བྱུང་བར་སེམས་ཁུར་གཏན་ནས་བྱེད་མི་དགོས་ཏེ། རྩྭ་འདེབས་པ་དང་ཕྱུགས་འཚོ་བའི་འཁོར་རྒྱུག་འཕེལ་རྒྱས་དེ་མང་ཚོགས་ཀྱི་སེམས་སུ་བརྟན་པོར་ཚུགས་ཡོད། རྩྭའི་ས་བོན་ལེགས་པོ་ཁྱབ་གདལ་དུ་གཏོང་བ་དང་། ས་རྒོད་དག་བེད་སྤྱོད་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་ཕྱུགས་ལས་དང་རྩྭ་ས་ལྗང་མདོག་གི་འཕེལ་རྒྱས་བགྲོད་ལམ་ཞིག་ཐང་མགོ་རུ་ཇེ་ཡངས་ནས་ཇེ་ཡངས་སུ་གྱུར”ཞེས་འབྲུག་བྱམས་རྒྱལ་གྱིས་མཚམས་སྦྱོར་བྱས།

ས་ཞིང་མུའུ་ཁྲི་གཉིས་དང་སྟོང་ལྔའི(ཧ་ལམ་སྤྱི་ཆིང1600)སྟེང་དུ་ནས་དང་གཟན་རྩྭ་ཕྱོགས་བསྡུས་ཀྱིས་བཏབ་པ་དང་བསྟུན་ནས། གྲོང་རྡལ་ཡོངས་སུ་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན། ལེགས་བསྡུས་ཅན་གྱི་ལྗང་མདོག་ཕན་མཐོའི་དེང་རབས་ཞིང་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་རགས་ཙམ་ཞིག་མངོན་འགྱུར་བྱུང་།

ཐང་མགོའི་འབྲོག་མི་རྣམས་ཀྱི་སེམས་སུ་རྩྭ་ཐང་ནི་ཕྱུགས་ར་ཁོ་ན་མ་ཡིན་པར་ཁྱིམ་གཞིས་ཡིན་ཞིང་གྲོང་གསེབ་དར་སྤེལ་གྱི་རེ་བའང་ཡིན་པར་འདོད་ཡོད།

འདས་ཟིན་པའི2022ལོར། རྨང་འཛུགས་ལས་གཞི་ལ་མ་དངུལ་བཏང་ཞིང་མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུགས་འཚོ་བར་རང་གྲབས་ཀྱིས་སྡེབ་སྒྲིག་བྱེད་དུ་བཅུག་པ་དང་། མང་ཚོགས་ཀྱི་ཕྱུགས་འཚོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་བསླངས། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ལས་བརྒལ་བའི་ལས་གཞི་དེ་གཡུག་ལུང་དང་ཅ་ལ། ན་རིན་སོགས་ཀྱི་སྡེ་བ་དྲུག་ནས་གསར་དུ་ལས་པ་ཡོངས་འགྲུབ་བྱས་པ་དང་། ལོ་གཅིག་གི་ནང་དུ་ནོར་གནག་ལྔ་བརྒྱ་དང་བཅོ་བརྒྱད་དང་བལ་འཇམ་ལུག་སྟོང་གསུམ་དང་ཉིས་བརྒྱ་ཞེ་གཅིག་ཉོས། དེའི་ཁར་འདེབས་འཛུགས་དང་ཕྱུགས་འཚོ་ཁྱིམ་ཆེན་གྱི་ནོར་གནག་ཁྲི་གཅིག་དང་བལ་འཇམ་ལུག་ཁྲི་གཅིག་གི་འདུན་མ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཟུང་གི“ཁྲི་གཅིག་ཅན་གསུམ”མངོན་འགྱུར་བྱས་པ་དང་། ད་ལྟའི“རྟེན་གཞི་གསུམ”དུའང་འཕེལ་རྒྱས་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། “ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མྱུར་མོར་འཛུགས་སྐྲུན་བྱེད་དགོས་ན། གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད་པ་དེས་ཐང་མགོའི་འཕེལ་རྒྱས་ཀྱི་མགོ་གསར་བ་ཞིག་ཡང་བསྐྱར་བརྩམས། སེམས་ཐག་བཅད་ནས་སྐྱེ་ལྡན་གཟན་རྩྭ་འདེབས་པ་དང་བལ་འཇམ་ལུག་དང་ནོར་གནག་འཚོ་བར་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་པས། ཐོན་སྐྱེད་དང་སྦྱོར་བཟོ། ཕྱིར་བཙོང་། ཚོང་རྟགས་གྲགས་ཅན། འཁྱག་སྦྲེལ་བཅས་ཕུང་གཅིག་ཅན་གྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་རིམ་བཞིན་ཆགས་ཏེ། ཞིང་ཕྱུགས་ཐོན་རྫས་དེ་ཐོན་ལས་ཅན་དང་དེང་རབས་ཅན། ཚོང་རྟགས་གྲགས་ཅན་བཅས་སུ་རིམ་པ་འཕར་བར་རོགས་འདེགས་བྱས་ཤིང་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་ཡོང་བ་མངོན་འགྱུར་བྱུང་།

“ས་གཞི་རྩི་ཤིང་གིས་ཁེབས་ན། རྒྱལ་ཁབ་སྟོབས་འབྱོར་གྱིས་ཁེངས་ཡོད་ཡོང་།”ཐང་མགོ་གྲོང་རྡལ་གྱིས“ཁྲི་གཅིག་ཅན་གསུམ”སྐྲུན་པ་དེ་ནི་གྲོང་གསེབ་དར་སྤེལ་གྱི་ཕན་འབྲས་ལྡན་པའི་འཚོལ་སྙེག་ཅིག་ཡིན་པར་མ་ཟད། ཡུལ་དེས་ལྗང་མདོག་སྐྱེ་ལྡན་གྱི་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་ཧུར་བརྩོན་གྱིས་བསྐྲུན་པའི་མདུན་སྐྱོད་ཀྱི་འཐབ་ལམ་ཡང་ཡིན་པས། ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་བ། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་ཡོང་བ་བཅས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་བསྩལ་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།