ནོར་ལུག་གསོ་སྤེལ་གྱི་ཐབས་ལམ་གསར་བས་འབྲོག་པའི་འཚོ་ཐབས་གསར་བར་གྱུར།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། གསར་འགོད་པ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚི་ཧན་ཏཱ་བ་སྡེ་བའི་འཁྱམ་རུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན་བྱུང་ལ། མཉམ་ལས་ཁང་ནང་མ་འཛུལ་གོང་ལུ་གུའི་འབའ་སྒྲ་རྣ་ལམ་དུ་ལྷང་ལྷང་གྲགས་པ་དང་། དེ་ནི་ཞིང་གི་རྣང་མའི་བར་དང་འབྲོག་ཐང་དུ་དཀྲོལ་བའི་སྤྲོ་སྣང་གིས་ཕྱུག་པའི་མཉམ་སྒྲོག་རོལ་མོ་ཞིག་དང་ཀུན་མཚུངས་བ་དང་། དེས་མི་རྣམས་ཀྱིས་ད་ལོའི་ཕྱུགས་ལས་ཐོན་སྐྱེད་ལ་རེ་བས་ཁེངས་བར་བྱས་ཡོད།

ལུ་གུའི་འབའ་སྒྲ་སྙེགས་ནས་ནང་དུ་སོང་ཚེ་དྲོད་འཇམ་གྱི་སྤྱིལ་བུའི་ནང་གཤིས་འཇམ་གྱི་ལུ་གུ་མང་པོས་མ་མོའི་ནུ་མ་ནུ་བཞིན་ཡོད་ལ། གཤིས་ཀ་གྲུང་པོའི་ལུ་གུ་ནི་ཁོད་ཡངས་པའི་སྤྱིལ་བུའི་ནང་རྩེད་མོ་རྕེ་བཞིན་ཕར་རྒྱུགས་ཚུར་རྒྱུགས་བྱེད་བཞིན་ཡོད་པ་དང་། ད་དུང་ལུ་གུ་ལ་ལས་དྲོད་འཇམ་གྱི་ཉི་འོད་ལོངས་སྤྱོད་བྱེད་བཞིན་གཉིད་ལྕོགས་རྒྱག་བཞིན་མཆིས། མཉམ་ལས་ཁང་དུ“མགོ་བཟང་པོ་ཚུགས་པའི”རྣམ་པ་ཡོངས་སུ་མངོན་ནས་དཔྱིད་མགོའི་རྩྭ་ཐང་ལ་སྐྱེ་སྟོབས་དང་གསོན་ཤུགས་སྦྱིན། མཉམ་ལས་ཁང་གི་ནང་དུ་སྡེ་མིས་བྲེལ་འཚུབ་ཀྱི་ངང་ནས་གཟན་ཆས་ཁ་གསབ་བྱེད་པ་དང་། ལུ་གུ་རྩེབས་རྒྱུ་ཡོད་པའི་མ་མོར་ལྟ་ཞིབ་བྱས་ནས་བདེ་བླག་གིས་ལུ་གུ་བཙའ་པར་གྲ་སྒྲིག་བྱེད་བཞིན་ཡོད།

“ང་ཚོས་གསོ་སྤེལ་བྱས་པའི་ལུག་རྒྱུད་ནི་བོད་ལུག་གི་རྒྱུད་པ་ཡིན་པ་དང་། ཉིན་འགའི་སྔོན་ལ་མ་མོ་འདི་དག་གིས་སླར་ཡང་ལུ་གུ་འགའ་བཙས་བྱུང་”ཞེས་མཉམ་ལས་ཁང་གི་འབྲོག་པ་དཔལ་ལྡན་ཟླ་བས་དེ་ལྟར་བཤད་པ་དང་། དུངས་ཞེན་གྱིས་མ་མོའི་འཁྲིས་སུ་ཡོད་པའི་བཙས་མ་ཐག་པའི་ལུ་གུ་ཞིག་ལ་བལྟ་བཞིན་ཡར་ལངས་མི་ནུས་པའི་ལུ་གུ་གཞན་ཞིག་པང་དུ་བཟུང་ནས་དགའ་བའི་འཛུམ་དང་བཅས་དེ“ང་ཚོའི་རྩྭ་ཐང་གི་འབྲོག་པ་ལ་མཚོན་ན་ལོ་སར་སྐབས་སུ་ལུ་གུ་རྩེབས་པ་ནི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ལ། ད་ལོར་ཡོང་སྒོ་ལེགས་པའི་སྔ་ལྟས་ཤིག་ཀྱང་ཡིན། མ་མོས་ལུ་གུ་བཙའ་དུས་མི་དང་ཁ་འབྲལ་ཐབས་མེད་ལ་དུས་ནམ་ཡང་གམ་དུ་ལྟ་སྐྱོང་བྱེད་དགོས་པས། ད་ལོའི་ལོ་སར་ང་ཚོའི་མཉམ་ལས་ཁང་ནང་རོལ་བ་ཡིན”ཞེས་བཤད།

མིག་སྔར་ནི་གུང་ཧོ་རྫོང་གི་འབྲོག་ཁུལ་དུ་མ་མོ་རྩེབས་པའི་གནད་འགག་གི་དུས་ཚིགས་ཤིག་ཡིན་ལ། དགུན་དུས་ཀྱི་མ་མོ་རྩེབས་ཚར་རྗེས་ཡང་བསྐྱར་རེས་སྐོར་གསར་བའི་དཔྱིད་དུས་ཀྱི་མ་མོ་རྩེབས་པའི་དུས་ལ་ཐོན་བྱུང་། གུང་ཧོ་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་ཕྱོགས་གཅིག་ནས་གསོ་སྤེལ་འཛིན་པ་དང་ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་བཟུང་སྟེ། ཕྱོགས་གཉིས་ཀ་དམ་པོར་འཛིན་པ་དང་ཕྱོགས་གཉིས་ཀར་འགོར་འགྱངས་མ་བྱས་སྟབས།ཕྱུགས་ལས་དཔལ་འབྱོར་བརྟན་བརླིང་ངང་འཁོར་བསྐྱོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

རྫོང་ཡོངས་སུ་མ་མོ་རྩེབས་པ་དང་གཉོར་སྐྱོང་གི་བྱ་བ་བདེ་ལེགས་ངང་སྤེལ་ཆེད། གུང་ཧོ་རྫོང་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ།ས་གནས་དེ་གའི་མཉམ་ལས་ཁང་དང་འབྲོག་ཁྱིམ་དུ་བསྐྱོད་དེ་མ་མོ་རྩེབས་པ་དང་གཉོར་སྐྱོང་གི་ལག་རྩལ་ཞབས་ཞུ་དང་མ་མོ་རྩེབས་སྐབས་ཀྱི་ནད་རིགས་འགོག་སྲུང་བྱ་བ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མ་མོ་རྩེབས་སྐབས་དང་། ལུ་གུ་ལ་ནད་ཕོག་པའི་ཚད་ཇེ་དམའ་རུ་བཏང་ནས་ལུ་གུའི་གསོན་ཚད་ཇེ་མཐོར་བཏང་།

རྫོང་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་མཐོ་རིམ་ཕྱུགས་ལས་སྨན་པ་ལཱ་ཧུང་ཆིང་གིས་བཤད་རྒྱུར། “མ་མོ་རྩེབས་པ་དང་གཉོར་སྐྱོང་གི་བྱ་བ་ནི་ཕྱུགས་ལས་ཐོན་སྐྱེད་ཀྱི་གནད་འགག་གི་བྱ་བ་ཞིག་ཡིན། ལྟེ་གནས་ཀྱིས་ཐེངས་མང་པོར་ལག་རྩལ་པ་སྒྲིག་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་གསོ་སྤེལ་ལག་རྩལ་ཁྲིད་པ་དང་། མོ་ཕྱུགས་ཀྱི་ལྷས་རའི་དྲོད་སྲུང་དང་། རིམས་ནད་འགོག་བཅོས། གསོ་སྤེལ་ཁྱིམ་ཚང་ལ་འཕྲད་པའི་དཀའ་གནད་ལ་དམིགས་ནས་ཉིན་མཚན་དབྱེར་མེད་ངང་རྗེས་འདེད་ཞབས་ཞུ་སྒྲུབ་པའི་དུས་མཚུངས་སུ། མོ་ཕྱུགས་དང་མ་མོ་རྩེབས་པའི་ནད་གཞི་འགོག་བཅོས་སོགས་ཀྱི་བྱ་བ་སྤེལ་ནས་ཁོ་ཚོའི་གཉོར་སྐྱོང་དང་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་རོགས་བྱས།”

ཚི་ཧན་ཏཱ་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་རྡོ་རྗེ་ཚེ་རིང་གིས་མཆོང་ལྡིང་བྱེད་བཞིན་པའི་ལུ་གུ་ཆུང་ཆུང་རེ་རེར་བལྟ་བཞིན། ད་ལོའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རེ་བས་ཁེངས། “ད་ལྟའི་བར་དུ་མཉམ་ལས་ཁང་ལ་མ་མོ6500་ལྷག་ཙམ་རྩེབས་རྒྱུ་ཡོད་པ་དང་མ་མོ་འདི་དག་ན་ནིང་ལོའི་ཟླ12པ་ནས་བཟུང་དགུན་དུས་ཀྱི་མ་མོ་རྩེབས་མགོ་ཚུགས་པ་དང་། མིག་སྔའི་བར་ཧ་ལམ་དགུན་དུས་ཀྱི་མ་མོ3000ལྷག་ཙམ་རྩེབས་ཟིན་པ་དང་། ལོ་སར་རྗེས།དཔྱིད་དུས་ཀྱི་མ་མོ3000ལྷག་ཙམ་རྩེབས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ད་ལོར་ང་ཚོར་ལུ་གུ6000ལྷག་ཙམ་ཡོད་རྒྱུ་རེད”ཅེས་བཤད།

རྡོ་རྗེ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱུགས་འཚོ་བ་ནི་ཚི་ཧན་ཏཱ་བ་སྡེ་བའི་འབྲོག་པ་མང་ཆེ་བའི་ཡོང་སྒོའི་འབྱུང་ཁུངས་ཡིན་ཞིང་། ད་སྔ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་གསོ་བའི་ཉམས་མྱོང་མེད་པ་དང་ལུག་གི་སྣ་ཁ་མང་བ་དང་གཟུགས་གཞི་མི་ལེགས་པའི་རྐྱེན་གྱིས་རིན་གོང་ཡག་པོར་འཚོང་མི་ཐུབ་པ་དང་ཕྱུགས་ཚད་ལས་བརྒལ་ནས་འཚོས་པའི་རྐྱེན་གྱིས་ཕྱུགས་རྩྭ་ཉིན་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད།

ནོར་ལུག་གསོ་སྤེལ་གྱི་ཐབས་ལམ་གསར་བས་འབྲོག་པའི་འཚོ་ཐབས་གསར་བར་གྱུར། 2018ལོ་ནས་བཟུང་ཚི་ཧན་ཏཱ་བ་སྡེ་བས་འབྲོག་ལུག་ཕན་འབྲས་མཐོ་བའི་གསོ་སྤེལ་བྱེད་པ་ནས་དམ་འཛིན་བྱས་ཏེ། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་སྒྱུར་བཀོད་བྱས་པ་དང་། འབྲོག་པར་སྐུལ་སློང་བྱས་ནས་རྩྭ་ར་དང་།  རྨོ་ཞིང་། ཕྱུགས་ཟོག་སོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་མ་རྐང་ལ་ཕབ་ནས་ཚད་འབེབས་བྱས་ཏེ། སྤུས་ལེགས་བོད་ལུག6520ནང་འདྲེན་བྱས་པར་མ་ཟད། གཅིག་གྱུར་གྱིས་གཟན་ཆས་བྱིན་ནས་གསོ་བ་དང་། གཅིག་གྱུར་གྱི་ཐོན་སྐྱེད་བྱེད་པ། གཅིག་གྱུར་གྱིས་ཉོ་འཚོང་བྱེད་པ། གཅིག་གྱུར་ཚོང་རྟགས་བཅས་ཀྱི “གཅིག་གྱུར་བཞིའི”རྣམ་པ་གཞིར་བཟུང་ནས་ལས་གཉེར་བྱས། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ཀྱང་སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་དུ་བསྒྱུར་བ་དང་། ཉམས་མྱོང་གསོ་སྤེལ་ནས་ཚན་རིག་དང་མཐུན་ལ་ཕན་འབྲས་མཐོ་བའི་གསོ་སྤེལ་དུ་བསྒྱུར་བ་དང་། འབྲོག་ཁྱིམ་གྱི་སིལ་ཚོང་ནས་རྟེན་གཞི་ནས་གཅིག་གྱུར་ཚོང་རྟགས་ཀྱིས་ཕྱིར་ཚོང་བྱེད་པར་བསྒྱུར། རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།“མཉམ་ལས་ཁང་གིས་ནང་འདྲེན་བྱས་པའི་བོད་ལུག་གི་ཕྱུགས་རྒྱུད་ལེགས་བཅོས་བྱས་ནས་ཕྱུགས་ཁྱུའི་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ལྷག་པར་དུ་བོད་ལུག་དེ'ལོ་གཅིག་ལ་མ་མོ་ཐེངས་རེ་རྩེབས་པ་ནས'ལོ་གཉིས་ལ་ཐེངས་གསུམ་ལ་རྩེབས་ཐུབ་པའི་ཕན་འབྲས་མཐོ་བའི་གསོ་སྤེལ་དུ་བསྒྱུར་ནས་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་།”རྩྭ་ཕྱུགས་དོ་སྙོམས་ཡོང་ཆེད། དགུན་དུས་ཀྱི་ལུ་གུ་ད་ལོའི་ཟླ4པར་གསོ་ཁ་ནས་འབུད་པ་དང་དཔྱིད་དུས་ཀྱི་ལུ་གུ་ཟླ5པར་གསོ་ཁ་ནས་འབུད་ཐུབ། ང་ཚོས་ལུ་གུ་དག་སྟོང་སྐོར་དང་། ཧོང་ཀྲུང་། མེན་ཧི། མཚོ་ནུབ་སོགས་ཕྱུགས་རིགས་ཉོ་ཚོང་ལྟེ་གནས་སུ་བཙོང་ན་ལུ་གུ་གཅིག་ལ་སྒོར800བྱས་ནས་འཚོང་ཐུབ་པ་དང་ལུ་གུ6000ལྷག་ཙམ་ལ་སྒོར་མོ་ས་ཡ་བཞི་ལྷག་ཙམ་བྱས་ནས་འཚོང་ཐུབ་ཀྱིན་ཡོད། ང་ཚོས་ལུ་གུ་བཙོངས་པའི་སྒོར་མོས་མཉམ་ལས་ཁང་གི་ཚོགས་མི་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་ནས་ཁོ་ཚོ་ཕྱུག་པོར་འགྱུར་བ་དང་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས་པ་ཡིན།”

“མོ་ལུག་དེ་དག་སྲུང་སྐྱོང་ཡག་པོ་བྱ་ཆེད། ངས་སྔ་མོ་ནས་གཟན་རྩྭ་དང་། མ་རྨོས་ལོ་ཏོག གྲོ་ཤུན་སོགས་མཉམ་བསྲེས་བྱས་པའི་གཟན་ཆས་སྣ་ཚོགས་གྲ་སྒྲིག་བྱས་ནས་མ་མོའི་འཚོ་བཅུད་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད། དེ་ཙམ་གྱིས་མི་ཚད་ངས་ད་དུང་ལག་པས་སྐྱེས་མ་ཐག་པའི་ལུ་གུ་ཆུང་ཆུང་གི་སྣ་ནང་གི་འབྱར་ཁུ་གཙང་མར་བླངས་ནས་དེ་དག་ལ་དྲོད་འཇམ་གྱི་ཁོར་ཡུག་ཅིག་ཏུ་བཀོད་སྒྲིག་བྱས་ཏེ། འཁྱགས་རྨས་མི་ཡོང་བ་བྱེད་བཞིན་ཡོད།  ལུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་མཐོང་བ་དེ་ནི་ངའི་ཆེས་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད"ཅེས་དཔལ་ལྡན་ཟླ་བའི་གདོང་ལ་འཛུམ་གྱིས་ཁེངས་ཡོད་པ་དང་། ཁོས་རང་ཉིད་མ་རྐང་150ལྷག་གི་ནང་ཞུགས་ཡོད་པ་དང་། ན་ནིང་སྒོར་མོ་ཁྲི་ལྷག་གི་ཁེ་སྤོགས་རག་ལ། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་འོག་ད་ལོའི་ལུ་གུ་དག་ཀྱང་རིན་གོང་ཡག་པོ་ཞིག་ལ་འཚོང་ཐུབ་རྒྱུར་ཡིད་ཆེས་ཡོད་པར་བཤད།

དངོས་སྦྱོང་སློབ་མ། དབང་མོ་རྒྱལ།