དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་སྡོད་བདེ་ལས་འཚམ་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
2023.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

 ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་རྩོམ་པའི་ལོ་ཡིན་ཞིང་།2022ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་ཞིག་ཡིན།ཉེ་ལམ་ཁྱབ་བསྒྲགས་བྱས་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་རིམ་པ་སོ་སོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགན་འཁྲི་དམ་འཛིན་དང་ཇེ་དྲག་ཏུ་བཏང་ནས་ལྷོད་གཡེང་མི་གཏོང་བ་དང་ནོར་འཛོལ་མི་ཡོང་བར་འགན་ལེན་བྱས་ཏེ།ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་འཆར་ཟིན་འགོད་མཁན་ཚན་ཆུང་གི་འབྲེལ་ཡོད་ཁོངས་མིས་བསྟན་དོན།2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་དུ་བརྩིས་ནས་བཀོད་སྒྲིག་ཞིབ་ཕྲ་བྱ་རྒྱུ་དགོས།ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགན་འཁྲི་རྒྱུན་མཐུད་ངང་དམ་འཛིན་དང་ཇེ་དྲག་ཏུ་གཏོང་བ་དང་། སྡེ་བ་དང་ཡུལ་ཚོ་ཧྲིལ་བོ་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་འབྱུང་བ་སྔོན་འགོག་བྱས་ཏེ།དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།ཡོང་འབབ་ཀྱི་ཧེ་བག་དང་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་ནས། དབུལ་ཐར་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གཏོང་དགོས།

ཇི་ལྟར་བྱས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དོན་འཁྱོལ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེ་ན།ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་འཆར་ཟིན་འགོད་པའི་ཚན་ཆུང་གི་འབྲེལ་ཡོད་ཁོངས་མིས་བལྟས་ན།  གཙོ་བོ་གཤམ་གསལ་གྱི་ཕྱོགས་གསུམ་ནས་འགོ་རྩོམ་དགོས་པར་སྙམ། གཅིག་ནི་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་གནད་ལ་འཁེལ་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་མི་སྒེར་གྱི་ཡིག་ཐོག་སྙན་ཞུ་དང་།ལས་བྱེད་པ་བཅར་འདྲིར་འགྲོ་བ་དང་སྡེ་ཁག་གིས་ཞིབ་བཤེར་དང་སྔོན་བརྡ་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ།ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པ་བྱེད་པ་དང་ཉེན་བརྡ་དང་ལེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། སྔ་མོ་ནས་ཤེས་རྟོགས་དང་།སྔ་མོ་ནས་བཀག་འགོག སྔ་མོ་ནས་རོགས་སྐྱོར་བྱེད་པ་བཅས་དོན་འཁྱོལ་ཡོང་བར་བྱེད་དགོས།གཉིས་ནི་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཏེ།དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩི་བ་དང་དབུལ་ཐར་རྫོང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཕྱོགས་སུ་གཙོ་བོར་བརྩིས་ནས།འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དང་སྔར་ལས་རྒྱུན་མཐུད་ཐུབ་པ་བྱེད་དགོས།གསུམ་ནི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱེད་དགོས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་བརྟན་བརླིང་ཡོང་བའི་འགན་ལེན་བྱེད་དགོས།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་སྡོད་བདེ་ལས་འཚམ་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་།སྡེ་བའི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ།གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་འཆར་ཟིན་འགོད་མཁན་ཚན་ཆུང་གི་འབྲེལ་ཡོད་ཁོངས་མིས་བཤད་རྒྱུར།2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་སྡོད་བདེ་ལས་འཚམ་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་གཅོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད།ངེས་པར་དུ་ཞིང་སྡེར་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་རིམ་བཞིན་འཛོམས་པར་བྱེད་པའི་དམིགས་འབེན་འདིར་དམ་པོར་དམིགས་ནས། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་ཀྱི་ངོ་བོ་མཐིལ་རྟོགས་དང་མིང་དོན་མཚུངས་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ།  ཞིང་པ་རྣམས་ཀྱིས་རང་ས་ནས་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས། བྱེ་བྲག་གི་ལག་བསྟར་ཐད་གཤམ་གསལ་གྱི་ཕྱོགས་གསུམ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས་པ་སྟེ།

ཏན་ཏན་ཏིག་ཏིག་གིས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།སྡེ་བའི་འཆར་འགོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་བའི་བཀོད་པ་དང་འཛུགས་སྐྲུན་གྱི་ས་མཚམས་གཏན་འཁེལ་ལུགས་མཐུན་བྱེད་པ། ཡུལ་བབ་ཀྱི་ཁྱད་ཆོས་དང་།   ས་ཁོངས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་ལ་གཞི་བྱས་ནས་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ། ཞིང་པའི་འདོད་བློ་དང་འགལ་ནས་སྡེ་བ་ཕྱིར་འཐེན་དང་མཉམ་བསྲེས་བྱེད་པ་དང་སྡེ་ཁུལ་ཆེན་པོ་གཉེར་བ། བཤིག་སྐྲུན་ཆེན་པོ་དང་རྨོངས་ཚོད་ཀྱིས་གནའ་བའི་ཁྱད་ཆོས་ལྡན་པའི་ཐོག་ཁང་དང་ཁྱམས་ར་སྐྲུན་པར་སྔོན་འགོག་བཅས་བྱེད་དགོས།-

གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།གྲོང་གསེབ་ཏུ་སྡོད་བདེ་བ་མ་ཟད་ལས་འཚམ་ཡང་ཡིན་དགོས།གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་སྔར་ལས་མང་བ་གྲོང་གསེབ་ཏུ་ཕྱོགས་པར་སྐུལ་ཁྲིད་བྱེད་ཐུབ་པ་དང་། གྲོང་གསེབ་ལ་གཞི་ནས་གསོན་ཤུགས་ལྡན་ལ་མི་སྣ་འདུ་བ།རེ་བ་ཡོད་པ་བཅས་ཡོང་ཐུབ།རང་ཡུལ་གྱི་ཁྱད་ཐོན་ཞེས་པའི་བླང་བྱ་ལྟར།ཞིང་ལས་དང་ཞིང་སྡེའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་གསར་སྤེལ་དང་། ཞིང་ལས་ཀྱི་ནུས་པ་སྣ་མང་གསར་སྤེལ། གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་གནད་སྒྲོལ་ས་འདེམས་པ། ཐོན་ལས་མཉམ་འདྲེས་ཐེངས་གསུམ་པའི་སྒྱུར་གྲངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ།སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་།  སྦྲེལ་ཐག་ཁ་གསབ། ལས་རྣམ་དར་སྤེལ། ཚོང་རྟགས་གྲགས་ཅན་འཛུགས་པ་བཅས་ལ་ཤུགས་སྣོན་རྒྱག་པ།  ཐོན་ལས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་པ་རྣམས་ས་གནས་དེ་ག་དང་དེའི་ཐག་ཉེ་སར་ལས་ཞུགས་དང་ལས་སྒོ་གསར་སྤེལ་བྱེད་པར་སྐུལ་ཁྲིད་བྱེད་དགོས།

གྲོང་གསེབ་བཅོས་སྐྱོང་དང་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།རང་རྒྱལ་གྱིས་གནའ་སྔ་མོ་ནས་བཟུང་འཆམ་མཐུན་གྱི་འདུ་ཤེས་ལ་བརྩི་མཐོང་བྱེད་པ་དང་།དྲོ་སྐྱིད་བག་ཕེབས་དང་རང་གཤིས་བཟང་བ།དཀའ་བ་མཉམ་སེལ་བཅས་ལ་དང་དོད་བྱེད་ཀྱིན་ཡོད།མཛེས་སྡུག་གི་གྲོང་གསེབ་དང་བསྡུར་ན་འཆམ་མཐུན་གྱི་གྲོང་གསེབ་ནི་གྲོང་གསེབ་འཛུགས་སྐྲུན་གྱི་དོན་སྙིང་དང་དམིགས་འབེན་སྔར་ལས་ཕུན་སུམ་ཚོགས་དང་རྒྱ་སྐྱེད་པ་ཞིག་ཡིན་ཞིང་། གྲོང་གསེབ་ཀྱི་སྣང་བརྙན་དང་བླ་སྲོག་སྐྲུན་རྒྱུ་མཉམ་དུ་འཛིན་པ་དང་།དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ཡོང་བ་བྱས་ཏེ། འཆམ་མཐུན་གྱི་འདུ་ཤེས་ལ་བརྟེན་ནས་མི་སེམས་འགུག་པ་དང་།ཀུན་སྤྱོད་ལ་བརྟེན་ནས་མི་སེམས་འགུག་པ། མི་སེམས་གཅིག་བསྡུས་བྱས་ཏེ།ཞིང་སྡེའི་མི་སེམས་དགེ་བའི་ལས་ལ་ཕྱོགས་པ་དང་བརྟན་བརླིང་ལྷོད་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་དབང་མོ་རྒྱལ།