རི་སྔོ་ཆུ་དྭངས་ཀྱི་ལྟ་སྲུང་མཁན།
2023.02.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་ཀྱིན་པ།

རོང་པོ་མཚེའུ་འགྲམ་དུ་དུས་ནམ་ཡང་ཚེ་རིང་དོན་འགྲུབ་ཀྱི་གཟུགས་བརྙན་མཐོང་ཐུབ།

ཉེ་ལམ། ཆ་སྙོམས་མཚོ་འཕང་སྨི4100ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྲང་རླུང་འུར་འུར་ལྡང་ཞིང་། གྲང་ངར་རུས་རྐང་དུ་ཟུག་འོང་།

ནངས་སྔ་མོར། སྐྱེ་ཁམས་བདག་སྐྱོང་པ་ཚེ་རིང་དོན་འགྲུབ་ཀྱིས་ལས་གོས་མཐུག་པོ་གྱོན་ཞིང་། རྒྱང་མཐོང་དང་ཟིན་བྲིས་འབྲི་དེབ་བཟུང་སྟེ། ཁངས་ནང་དུ་སྤོ་བཞིན་ཉིན་གཅིག་རིང་གི་བྱ་བར་མགོ་རྩོམ་པའི་ལམ་ལ་ཆས།

“ཐེངས་མང་མྱུལ་ཞིབ་བྱས་ན་སྲུང་སྐྱོབ་ས་ཁུལ་བདེ་འཇགས་ཡོང་སྲིད”ཅེས་ཚེ་རིང་དོན་འགྲུབ་ཀྱིས་དེ་ལྟར་བཤད། དུས་ཚིགས་འདིར་རླུང་ཆེ་ཞིང་རྩྭ་སྐམ་པོ་ཡིན་པས། གལ་ཏེ་མེ་སྟག་ཙམ་ཞིག་མཆེད་ཚེ་རི་བོ་མེ་རུ་སྦར་སྲིད། དེ་བས་མེ་འགོག་གི་གནོན་ཤུགས་ཧ་ཅང་ཆེ་བར་མ་ཟད། ད་དུང་མི་མི་ཉུང་བ་ཞིག་མཚེའུ་ཡི་ངོས་སུ་དར་ཤུད་སྟེག་རྒྱུར་དགའ་བས་ ཉེན་ཁ་ཤིན་ཏུ་ཆེ་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་ཟེར།

རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཐོག་མ་ཡིན་ལ། ཁྲུང་ཁྲུང་སྐེ་ནག་དང་དེའི་སྐྱེ་འཕེལ་གནས་སྲུང་སྐྱོབ་བྱ་ཡུལ་གཙོར་བཟུང་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲས་ཡིན་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ས་རྒྱུད་དུ་གཏོགས། མིག་སྔར་སྲུང་སྐྱོབ་ཁུལ་དུ་བསྡོམས་པས་བྱ་རིགས་ཆེ་ཚན17དང་ཆུང་ཚན39། རིགས138ཡོད།

“སྲུང་སྐྱོབ་ཁུལ་གྱི་རྩི་ཤིང་དང་སྡོང་རྐང་རེ་རེ། ད་དུང་བགྲང་གིས་མི་ལང་བའི་རི་སྐྱེས་སྲོག་ཆགས་དག་ནི་ངའི་གྲོགས་པོ་ཡིན་ལ།  ཁོ་ཚོར་བདག་སྐྱོང་ལེགས་པོ་བྱེད་རྒྱུ་དེ་ནི་ལྡོག་མེད་ཀྱི་འགན་འཁྲི་ཡིན”ཞེས་ལབ་གླེང་གི་བར་ནས། ཚེ་རིང་དོན་འགྲུབ་ཀྱི་བྱམས་སེམས་སྐད་གདངས་ནས་མངོན་ཡོང་།

ད་ལོར་ལོ་ན25ལ་སོན་པའི་ཚེ་རིང་དོན་འགྲུབ་ཀྱིས་སྲུང་སྐྱོབ་ཁུལ་དུ་བྱ་བ་གཉེར་ནས་ལོ་ངོ་དྲུག་འགོར་ཡོད། ལོ་ན་གཞོན་ཡང་སྲུང་སྐྱོབ་ཁུལ་ལ་མཚོན་ན་ལས་བྱེད་པ་རྒན་པ་ཞིག་ཡིན། 2018ལོར་ཁོའི་ཨ་ཕ་བློ་བཟང་དཔལ་ལྡན་ལས་རྐང་ནས་ངལ་གསོས་རྗེས། ཚེ་རིང་དོན་འགྲུབ་ཀྱིས་ཕ་ལགས་ཀྱི་བྱ་བའི་ལས་འཕྲོ་བསྐྱངས་ཏེ། རོང་པོ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར།

རོང་པོ་མཚེའུ་ཡི་འགྲམ་དུ་སླེབས་རྗེས། ཚེ་རིང་དོན་འགྲུབ་ཀྱིས་རྒྱང་མཐོང་ལག་ཏུ་བཟུང་སྟེ“ལྗོངས་ལྟ”བྱེད་མགོ་བརྩམས། ཡར་ལྟ་མར་ལྟ་ཐེངས་འགའ་བྱས་རྗེས། གློ་བུར་དུ་སྔར་གནས་སུ་འགྲེངས་ཏེ། ཁ་ནས་གཅིག་གཉིས་གསུམ་ཞེས་བརྩི་བ་དང་། དེ་ནས་གློ་ཁུག་ནས་ཟིན་བྲིས་འབྲི་དེབ་བླངས་ཤིང་། འོད་ཀྲིག་ཀྲིག་གི་འཁྱགས་དར་ཞིག་གི་སྟེང་ཁ་སྦུབ་ཏུ་བསྡད་དེ་ཟིན་བྲིས་བཏབ།

ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། “དེ་རིང་ལས་ངོ་མ་ཡག་གི ངུར་བ་དང་ཁྲུང་ཁྲུང་མགོ་ཁྲ་མཐོང་ཐུབ་སོང་། ལོ་འདི་འགར་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ལོ་རེའི་དགུན་ཁར། གནས་འདིར་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཀྱི་མངོན་ཚད་ཇེ་མཐོ་ནས་ཇེ་མཐོ་རེད”ཟེར།

ཟིན་བྲིས་འབྲི་དེབ་ཕྱིར་བསྡུས་རྗེས། ཚེ་རིང་དོན་འགྲུབ་མུ་མཐུད་ནས་མདུན་དུ་བསྐྱོད། དུས་ཚོད་གསུམ་ཙམ་འགོར་རྗེས། ལུས་ལ་རྩྭ་སྐྱ་འབྱར་ཞིང་རྐང་པར་རྡུལ་གྱིས་བརྫི་བཞིན་ཕྱིར་སྲུང་སྐྱོབ་ཁུལ་གྱི་བདག་སྐྱོང་ས་ཚིགས་སུ་ལོག་སྟེ་ཟ་མ་ཟོས་ཤིང་ངལ་གསོས། ལས་ཀར་ཞུགས་པ་ནས་ད་རག་བར་དུ། དགུན་གྲང་ངར་དང་དབྱར་ཚ་གདུག་གང་ཞིག་ཡིན་རུང་། ཉིན་རེར་ཉུང་མཐའ་ཡང་སྤྱི་ལེ10ཡི་ལམ་ཐག་ལ་སྐོར་གཡེང་བྱེད་དགོས་པས། ཚེ་རིང་དོན་འགྲུབ་རྒྱུན་དུ་རི་བོའི་སུལ་དང་གཙང་བོའི་འགྲམ་དུ་བསྐྱོད་པ་རེད།

ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། “ང་ཚོའི་མེས་པོ་ཚང་མ་འབྲོག་པ་ཡིན་པས། ང་ཚོར་མཚོན་ན། རྐང་འོག་གི་ས་ཆ་འདིར་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་ང་ཚོས་རང་ཉིད་ལ་བསོད་ནམས་བསགས་པ་ཡིན། ལྷག་པར་དུ་ད་ལྟ་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ལ་སྔར་ལས་མཐོང་ཆེན་གནང་བཞིན་ཡོད་ལ། སྲིད་ཇུས་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་པས། ང་ཚོར་ཡང་སྔར་ལས་ངར་ཤུགས་ཀྱིས་ཁེངས་ཡོད”ཟེར།

ད་ལྟ། སྲུང་སྐྱོབ་ཁུལ་གྱི་ཁོར་ཡུག་ལོ་རེ་ནས་ལོ་རེར་ཇེ་བཟང་རེད། བྱ་རིགས་ཁྱུ་ཚོགས་ཀྱི་གྲངས་ཀ་དེ་སྔོན་གྱི་རིགས20ནས་རིགས138དུ་འཕར་ཡོད་ལ། ཁྲུང་ཁྲུང་མགོ་ཁྲ་དང་ངུར་བ་སོགས་དེ་སྔོན་གྱི་བརྒྱ་ཕྲག་ནས་ཁྲི་གཅིག་ལྷག་ལ་སླེབས་འདུག ཝ་དང་སྤྱང་ཀི་སོགས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀའང་འཕར་བཞིན་པའི་སྒང་རེད།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། བདག་སྐྱོང་ས་ཚིགས་སུ་ཡང་བསྐྱར་བྲེལ་འཚུབ་ཀྱི་ཡོ་ལང་རྒྱས། ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་ཁོར་སྲུང་རས་ཁུག་སྒམ་གང་ཁྱེར་ཏེ་ནང་དུ་ཐོན་བྱུང་། པ་སངས་ཚེ་རིང་གིས་བཤད་རྒྱུར། “དེ་རིང་ཕྱི་དྲོར་ང་ཚོ་མུ་མཐུད་ནས་ཁྱིམ་ཚང་དུ་སོང་སྟེ་སྒྲོག་འགྲེལ་བྱེད་དགོས། ངེས་པར་དུ‘ཁྱིམ་ཚང་རེ་རེར་ཐོན་པ་དང་། ཁྱིམ་ཚང་རེ་རེས་དོན་འཁྱོལ་བྱེད་པ’རྒྱུན་འཁྱོངས་བྱེད་དགོས་ལ། ནགས་ཚལ་མེ་འགོག་གི་མཉམ་འཇོག་དོན་ཚན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱས་ནས་གནད་སར་འབྱོར་དུ་འཇུག་དགོས”ཞེས་བཤད་མ་ཐག ཚེ་རིང་དོན་འགྲུབ་དང་བདག་སྐྱོང་པ་གཞན་དག་གིས་དྲིལ་སྒྲོག་དེབ་ཆུང་དང་ཁོར་སྲུང་ཁུག་མ་བཟུང་སྟེ། བདག་སྐྱོང་པ་ནས“དྲིལ་སྒྲོག་པར”གྱུར་ལ། འབྲོག་ཁུལ་གྱི་ཞིང་སྡེའི་ལམ་ཕྲན་སྟེང་ཆས་མགོ་བརྩམས།

ཅང་མ་འགོར་བར། ཚེ་རིང་དོན་འགྲུབ་རོང་པོ་གྲོང་རྡལ་མཚོ་བྱང་སྡེ་བའི་དབང་གྲགས་ཚང་དུ་འབྱོར། “ཕུ་བོ། ཁྱེད་ཀྱིས་ལྟོས་དང་། འདི་ནི་ངེད་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱིས་མངགས་བཟོ་བྱས་པའི་ཁོར་སྲུང་ཁུག་མ་ཡིན། ཁྱེད་ལ་གཉིས་ཁྱེར་ཡོང་ཡོད། རྗེས་ཕྱོགས་ཚོད་མ་ཉོ་རུ་འགྲོ་སྐབས་འདི་ཁྱེར་ཆོག འདིའི་ནང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད་ད་དུང་དངོས་པོའང་བསྡུ་ཆོག”ཚེ་རིང་དོན་འགྲུབ་ཀྱིས་སླར་ཡང་དྲིལ་སྒྲོག་དེབ་ཆུང་བླངས་ཏེ་དབང་གྲགས་ཀྱི་བྱིས་པ་ཚོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་སྒྲོག་མགོ་བརྩམས། “འདིའི་མིང་ལ་ཁྲུང་ཁྲུང་སྐེ་ནག་ཟེར། ང་ཚོ་རོང་པོ་མཚེའུའི་སྟེང་གི་བྱ་རིགས་གྲགས་ཅན་ཞིག་ཡིན། བདག་སྐྱོང་ས་ཚིགས་ཐོག་མར་འཛུགས་སྐབས་ཁྲུང་ཁྲུང་སྐེ་ནག22མ་གཏོགས་མེད། ད་ལྟ་ལོ་རེར་འདི་གར་གནས་སྤོར་བྱེད་ཀྱིན་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ170ནས180ཡས་མས་ཡོད་ལ། ཆེས་མང་བའི་སྐབས་སུ216ལ་སླེབས་མྱོང་། ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས་ན། རྗེས་ཕྱོགས་ད་རུང་ཁྲུང་ཁྲུང་སྐེ་ནག་དེ་ལས་མང་པོ་གནས་འདིར་སླེབས་སྲིད།”

ཁྱིམ་ཚང་གཅིག ཁྱིམ་ཚང་གཉིས། ཁྱིམ་ཚང་གསུམ། ཁྱིམ་ཚང་བཞི……སྒྲོག་འགྲེལ་ལེགས་པོ་ཞིག་བྱེད་ཆེད། ཚེ་རིང་དོན་འགྲུབ་ཀྱིས་རང་གིས་སྐོར་ཞིབ་བྱེད་སྐབས་འཕྲད་པའི་གཏམ་རྒྱུད་ཐུང་ཐུང་རེ་ཚང་མར་མཉམ་རོལ་བྱས་ཤིང་། མི་སྔར་ལས་མང་པོར་མཉམ་གཅིག་ཏུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ལྟ་སྲུང་ལེགས་པོ་བྱེད་དུ་བཅུག ཤེས་མེད་ཚོར་མེད་ངང་ཉི་མ་ནུབ་རིའི་ཕག་ཏུ་ཡིབ། ཚེ་རིང་དོན་འགྲུབ་ཀྱི་ལག་ཏུ་བཟུང་བའི་ཁོར་སྲུང་ཁུག་མ་དང་དྲིལ་སྒྲོག་རིས་དེབ་ཡང་མང་པོ་ཞིག་ལྷག་མི་འདུག

“ཉིན་གཅིག་གི་བྱ་བས་ཧ་ཅང་ཐང་ཆད་མོད། ཡིན་ཡང་ཐང་ཆད་རུང་དོན་སྙིང་ལྡན་པ་ཞིག་རེད། རི་སྔོ་ཆུ་དྭངས་སྲུང་བ་ནི་ང་ཚོའི་མ་འོངས་པ་སྲུང་བ་དང་གཅིག་པ་ཡིན་པར་ང་རང་ཡིད་ཆེས་ཡོད”ཅེས་ཚེ་རིང་དོན་འགྲུབ་ཀྱིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།