ནོར་གནག་གིས་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་བསྩལ།
2023.02.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 དཔྱིད་མགོ་ཚེས་ནའང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག འབྲི་སྟོད་རྫོང་སྟོད་ཚེ་ཡུལ་ཚོ་སྟག་སེང་སྡེ་བའི་དངུལ་ཆེན་ཕྱུག་མོ་ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ཆེད་ལས་མཉམ་ལས་ཁང་དུ་ཕྱུགས་རྫི་བུ་རྒྱུད་ཉི་མ་དང་མཉམ་ལས་ཁང་གི་འགན་འཁུར་པའམ་སྟག་སེང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ནོར་བུ་གཉིས་ཀྱིས་ཕྱོགས་གཅིག་ནས་ལས་ལ་བྲེལ་ཞིང་། ཕྱོགས་གཅིག་ནས2023ལོར་བཙོང་ཆོག་པའི་ནོར་གནག་ཞིབ་མོར་རྩི་བཞིན་དུ།“ཟླ3པའི་ནང་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་འབུམ་བརྒྱད་འབྱོར་ཐུབ་ལ། དེ་ཡིས་རྒྱུད་བཟང་མོ་ཕྱུགས90ཉོ་ཐུབ། ལོ་མཇུག་ཏུ་སླེབས་དུས་རྒྱུད་བཟང་ནོར་གནག་གསོས་མ་ཕྱིར་བཙོང་ཆོག སྐབས་དེར་ནོར་གནག་གཅིག་སྒོར་ཁྲི་གཅིག་ལ་བཙོང་ཐུབ་པས་ལོ་གཅིག་གི་ནང་སྒོར་འབུམ་གཅིག་ལྷག་བཙལ་བར་གནད་དོན་མེད”ཟེར།

བུ་རྒྱུད་ཉི་མས་བཤད་རྒྱུར། “འདི་ལྟར་བལྟས་ན་རྒྱུད་བཟང་ནོར་གནག་གསོ་བའི་ལས་གཞི་འདི་ནི་གསོ་ཡུན་ཐུང་ཞིང་རིན་གོང་ཡང་མཐོ།  ནོར་གནག་དཀྱུས་མ་གསོ་བ་ལས་ཡོང་སྒོ་མང་བས་འདི་ནི་སྒོར་མོ་བཙལ་བའི་ཐབས་ལམ་ལེགས་པོ་ཞིག་རེད” ཟེར།

སྟོད་ཚེ་ཡུལ་ཚོ་སྟག་སེང་སྡེ་བའི་མཚོ་འཕང་ལ་ཆ་སྙོམས་ཀྱིས་སྨི4600ཡོད་པ་དང་། སྡེ་བ་ཧྲིལ་པོར་བསྡོམས་པས་ཁྱིམ་ཚང682དང་མི2343ཡོད་ཅིང་། དཔེ་མཚོན་རང་བཞིན་གྱི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་རེད། སྡེ་བ་དེའི་སྡེ་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ནོར་གནག་འཚོས་པ་རེད། ཡུལ་དེ་ན་རང་བྱུང་གི་རྩྭ་ས་ཡོད་ནའང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་། ཕྱུགས་ཁྱུ་དང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་མི་ལེགས་པ་དང་ཕྱུགས་རྒྱུད་ཇེ་ཞན་དུ་གྱུར་བ་སོགས་ཀྱི་དབང་གིས་ཡུལ་འདིའི་འབྲོག་པ་ཚོས་ཇི་ལྟར་བརྩོན་པ་བསྐྱེད་རུང་ཡོང་སྒོ་མང་པོ་ལེན་མ་ཐུབ། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་ཞིང་སྡེར་ཕན་པའི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་དང་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ་དང་བསྟུན་ནས། སྟག་སེང་སྡེ་བའི་སྡེ་མི་རྣམས་ཀྱིས་སྐྱེ་ཁམས་ཀྱི་སྐྱེ་ལྡན་ཕྱུགས་ལས་ལ་བརྟེན་ནས་རང་ཉིད་ལ་གཏོགས་པའི་གྲོང་གསེབ་དར་སྤེལ་གྱི་ལམ་ལ་ཆས་པས་ཚང་མའི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་།

དངུལ་ཆེན་ཕྱུག་མོ་ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ཆེད་ལས་མཉམ་ལས་ཁང་ནི་སྟག་སེང་སྡེ་བས་གསར་དུ་བསྐྲུན་པའི་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་གསར་པ་ཞིག་རེད། མཉམ་ལས་ཁང་དེ་ནི2022ལོར་གསར་དུ་བཙུགས་པའི་སྡེ་བའི་ཐུན་མོང་གི་ལས་གཞི་ཞིག་ཡིན། ལས་གཞི་དེས་འབྲི་སྟོད་རྫོང་ཞིང་ཕྱུགས་ཅུས་ཀྱིས་མཁོ་སྤྲོད་བྱས་པའི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་མགོ་རྩོམ་པའི་མ་དངུལ་དུ་བརྩིས་པ་དང་། སྡེ་བ་གང་བོར་རྩྭ་ས་དང་མ་དངུལ་སོགས་ཀྱི་རྣམ་པ་བརྒྱུད་ནས་དམངས་ཡོངས་མ་རྐང་དུ་ཞུགས་པ་མངོན་འགྱུར་བྱས་ཏེ།   “ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་ཁྱིམ”གྱི་དཔེ་དབྱིབས་ལྟར་དོ་དམ་བྱས་པ་རེད།  བུ་རྒྱུད་ཉི་མས་བཤད་རྒྱུར། “ངས་རང་ཚང་གི་རྩྭ་ས་མཉམ་ལས་ཁང་གི་མ་རྐང་དུ་བཞག་རྗེས། རང་ཉིད་ཀྱིས་མཉམ་ལས་ཁང་དུ་ཕྱུགས་འཚོས་ན། ཟླ་རེར་སྒོར3500རེའི་ཟླ་ཕོགས་ཡོད། དེ་ལྟར་ན་ངེད་ཚང་གི་འཚོ་བར་འགན་སྲུང་ཡོད་པའི་ཁར་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་པས། ཚང་མ་གཉེར་སྟངས་འདི་ལ་ཧ་ཅང་འཐད་ཡོད”ཟེར།

དངུལ་ཆེན་ཕྱུག་མོ་ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ཆེད་ལས་མཉམ་ལས་ཁང་དེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ“གསོན་ཉམས་དོད་པ”ཞིག་ཏུ་སྒྲུབ་ཐུབ་པ་འདི་ནི་སྟག་སེང་སྡེ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་རྐྱེན་གྱིས་རེད། དོན་ངོ་མས་སྟག་སེང་སྡེ་བའི་གྲོང་གསེབ་དར་སྤེལ་བྱེད་སྟངས་དེའི་མགོ་ཁུངས་དེད་ན“གནམ་མཐའི་མཚོ་མོ”ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་ཐུག་ཡོད།

2016ལོར། དབུལ་ཐར་མཁྲེགས་གཏོར་གྱི་དུང་བརྡ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གྲག་རྗེས།  “གནམ་མཐའི་མཚོ་མོ”ཕྱུགས་ལས་ཆེད་ལས་མཉམ་ཁང་ཡང་དེ་དང་བསྟུན་ནས་བྱུང་བ་རེད། ལོ་འགའ་ལ་གཉེར་སྐྱོང་དང་འཚོལ་སྙེག་བྱས་པ་བརྒྱུད། “གནམ་མཐའི་མཚོ་མོ”ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་རིམ་བཞིན་རྒྱུན་ལྡན་གྱི་ལམ་ལ་ཆས་ཤིང་ལོ་རེ་རེར་སྡེ་བ་གང་བོའི་འབྲོག་པ་རྣམས་ལ་ཡོང་སྒོ་མི་ཉུང་བ་བསྐྲུན།

“གནམ་མཐའི་མཚོ་མོ”ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཕྱུགས་རྫི་པད་རྒྱལ་གྱིས་བཤད་རྒྱུར། “སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཏུ། མཉམ་ལས་ཁང་གི་གཞི་ཁྱོན་ལོ་རེ་བཞིན་རྒྱ་ཆེར་གྱུར་ནས་ད་ལྟའི་འདི་ལྟ་བུ་ཞིག་ལ་འཕེལ་རྒྱས་བྱུང་བ་ཡིན། ད་ལྟ་ང་ཚོར་ནོར་གནག747དང་ལུག1632ཡོད།  ཚང་མའི་བརྩོན་སེམས་ལོ་རེ་རེར་ཇེ་ཆེ་རེད”ཟེར།

མཉམ་ལས་ཁང་གཉེར་མགོ་བརྩམས་པ་ནས་ད་ལྟའི་བར་དུ། སྟག་སེང་སྡེ་བས་ནོར་གནག་ཕྱི་ནས་འཚོ་བའི་སྲོལ་རྒྱུན་གྱི་གསོ་སྟངས་རྒྱུན་འཁྱོངས་བྱས་ཏེ་ནོར་གནག་གི་སྤུས་ཀར་འགན་སྲུང་བྱས་མོད། འོན་ཀྱང་དེ་དང་བསྟུན་ནས་བྱུང་བའི་གནད་དོན་ནི་གསོ་སྟངས་འདི་རང་བྱུང་གི་འཚོ་སྟངས་དང་འདྲ་བས་དུས་ཚིགས་དང་ནམ་ཟླའི་ཤུགས་རྐྱེན་ཐེབས་སླ་ཞིང་། གཟན་རྩྭ་མཁོ་འདོན་བྱས་པ་མི་འདང་བའི་གནས་ཚུལ་བྱུང་ཚེ། ནོར་གནག་ལ་འདང་ངེས་ཀྱི་གཟན་རྩྭ་མེད་པར་གྱུར་ནས། “ལོ་གཅིག་གི་ནང་དུ་དུས་ཚིགས་གཉིས་ལ་ཤ་ཤེད་ལྷུང་བ་དང་དུས་ཚིགས་གཉིས་ལ་ཤ་ཤེད་རྒྱས་པའི”ཐོན་སྐྱེད་བྱེད་སྟངས་རྗེས་ལུས་དེ་བྱུང་བ་རེད།

ཚེ་རིང་ནོར་བུས་བཤད་རྒྱུར། “དཀའ་གནད་ཐག་གིས་གཅོད་ཆེད། ང་ཚོས་གསོ་སྤེལ་བྱེད་པའི་གོ་རིམ་ཁྲོད་དུ་སྐྱེ་ཁམས་གསོ་སྤེལ་གྱི་འདུ་ཤེས་ཆགས་སུ་བཅུག་སྟེ། སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་དེ་སྐྱེ་ཁམས་གསོ་སྤེལ་བྱེད་སྟངས་ལ་བསྒྱུར་པ་ཡིན།  ཕྱི་ནས་འཚོ་བ་དང་ནང་ནས་གསོ་བ་ཕན་ཚུན་ཟུང་འབྲེལ་གྱི་གསོ་སྤེལ་བྱེད་སྟངས་སྤྱད་ན། སྲོལ་རྒྱུན་གསོ་སྤེལ་བྱེད་སྟངས་ཀྱི་སྐྱོན་ཆ་སེལ་ཐུབ་པར་མ་ཟད། དུས་མཉམ་དུ་ནོར་གནག་གི་སྐྱེ་ཁམས་ཐོན་ལས་ཀྱི་ལྗང་མདོག་སྤུས་ཀར་ཡང་ཁག་ཐེག་བྱེད་ཐུབ”ཟེར།

རྩྭ་སའི་སྐྱེ་ཁམས་དོ་སྙོམས་ལ་ད་ལྟའི་བར་དུ་མཐོང་ཆེན་བྱེད་བཞིན་པ་སྟེ། ལོ་རེའི་ཟླ་ལྔ་པ་ནས་ཟླ་དྲུག་པར་ང་ཚོས་སྡེ་བ་ཡོངས་ཀྱི་འབྲོག་པ་རྣམས་སྐུལ་སློང་བྱས་ཏེ། རྩྭ་སའི་སྟེང་རྩྭ་འབྲུ་འདེབས་པ་དང་ཆུ་གཏོང་བ།  ལུད་འཇོག་པ་བཅས་བྱས་པར་མ་ཟད་རྩྭ་སའི་འབུའི་གནོད་པ་ལའང་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱས་པས། རྩྭ་ས་འཁོར་རྒྱུག་ལེགས་པོ་བྱུང་དུ་བཅུག དུས་མཉམ་དུ་ཕྱུགས་འཚོ་བའི་གྲངས་ཀ་ནན་ཏན་གྱིས་ཚད་བཀག་བྱས་ཏེ་འབྲོག་ཁུལ་གྱི་རྩྭ་སའི་ཐེག་ཚད་དོ་སྙོམས་ཡོང་དུ་བཅུག་ནས་ཐོན་སྐྱེད་ནུས་ཤུགས་ལ་ཁག་ཐེག་བྱས།

ནོར་གནག་གཅིག་གིས་ཐོན་ལས་ཤིག་ལ་སྣེ་ཁྲིད་པ་ཡིན་ལ། ནོར་གནག་གཅིག་གིས་ས་ཆ་ཞིག་ལ་འགྱུར་ལྡོག་བཏང་བའང་ཡིན། སྟག་སེང་སྡེ་བས་གྲོང་གསེབ་དར་སྤེལ་གྱི་ལམ་དུ་སྐྱོད་པའི་སྟོབས་ཤུགས་འདི་ལ་བརྟེན་ནས། འབྲོག་པ་སྔར་ལས་མང་པོ་ཞིག་ལ་ནོར་ལུག་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཐོན་འཕར་གྱི་ཁེ་ཕན་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་བཅུག་པ་དང་། གྲོང་གསེབ་དར་སྤེལ་ལ་ཟད་མཐའ་མེད་པའི་སྟོབས་ཤུགས་ཀྱང་བསྩལ་བ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།