རེ་བའི་ས་བོན་གྲོང་གསེབ་ཀྱི་ཞིང་སར་བཏབ་ཡོད།
2023.03.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

“རྐང་ཚ་ཞོལ་མ་སྡེ་བར་སྒོར་མོ་ཁྲི་བཞི་དང་སྟོང་གཅིག་དང་ལྷ་སྡེ་སྡེ་བར་སྒོར་མོ་ཁྲི་གསུམ་དང་སྟོང་གཅིག ཁྲེ་ཙེ་གོང་མར་སྒོར་མོ་ཁྲི་གཉིས་དང་སྟོང་ལྔ་བཅས་ཐེངས་འདིར་ང་ཚོས་སྡེ་བ་བརྒྱད་ལ་བསྡོམས་པས་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་གི་ཁེ་སྤོགས་བགོས།” ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོང་ཞིན་ཞིང་ལས་འཕྲུལ་ཆས་ཆེད་ལས་ཞབས་ཞུ་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས་འདུག

“ཞིང་ལས་འཕྲུལ་ཆས་ཆེད་ལས་ཞབས་ཞུ་མཉམ་ལས་ཁང་བཙུགས་པ་ནི་ཧུར་བརྩོན་དང་སྙིང་སྟོབས་ཆེན་པོས་ཚོད་ལྟ་བྱས་པ་ཞིག་ཡིན་ལ། སྡེ་བའི་ནང་གི་འཕེལ་རྒྱས་ལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་བསྣན་པའང་ཡིན”ཞེས་མཉམ་ལས་ཁང་གི་ལས་འཛིན་པ་རིན་ཆེན་དོན་འགྲུབ་ཀྱིས་ཚང་མར་ཁེ་སྤོགས་བགོ་ཞོར་དུ་དགའ་སྤྲོའི་ངང་དེ་ལྟར་བཤད།

2022ལོར། འཕྲང་དམར་གྲོང་རྡལ་གྱིས“ཐོན་ཁུངས་དེ་མ་རྐང་དབང་ཆར་བསྒྱུར་བ་དང་མ་དངུལ་དེ་མ་རྐང་སྒོར་མོར་བསྒྱུར་བའི”གྲོང་གསེབ་དར་སྤེལ་གྱི་བྱེད་སྟངས་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་ཏེ། ཁྲེ་ཙེ་གོང་མ་དང་ཞིན་ཅན་ཕིན་སོགས་སྡེ་བ19ཡི་འོད་ཧྥུའུ་མ་དངུལ་དང་ལས་གཞི་མ་དངུལ་སྒོར་མོ་ས་ཡ་བདུན་དང་འབུམ་བདུན་ཁྲི་བཞི་དང་སྟོང་དགུ་ཡིས་ཞིང་ལས་འཕྲུལ་ཆས84ཉོས་པ་དང་། དུས་མཚུངས་སུ་ཁྲི་ཀ་རྫོང་ཧོང་ཞིན་ཞིང་ལས་འཕྲུལ་ཆས་ཆེད་ལས་ཞབས་ཞུ་མཉམ་ལས་ཁང་བཙུགས་ཤིང་ཏང་ཀྲི་པུའུ་ལ་མཉམ་འབྲེལ་བྱས་ཏེ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་མཉམ་ལས་ཁང་དང་ཞིང་ལས་འཕྲུལ་ཆས་མེད་པའི་ཁྱིམ་ཚང་། ཞིང་ལས་ཐར་ཐོར་གཉེར་བའི་ཁྱིམ་ཚང་སོགས་ལ་ས་ཞིང་རྨོ་བ་དང་འདེབས་པ། དོ་དམ། སྟོན་སྡུད་བཅས་གཞི་གཅིག་ཅན་གྱི་ས་ཞིང་བཅོལ་གཉེར་ཞབས་འདེགས་ཞུས་པ་དང་། མཐའ་འཁོར་སྡེ་བ་དང་ས་ཞིང་འགན་ལེན་གྱི་འདེབས་འཛུགས་ཁྱིམ་ཚང་དུ་མཉམ་ལས་བྱས་ནས་མངགས་ཉོའི་བྱ་བ་བསྒྲུབས།

“མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སྐབས་སུ། ང་ཚོ་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་པའི་རྩལ་ནུས་ལ་ཆ་རྒྱུས་མེད་པ་དང་ཞིང་ལས་འཕྲུལ་ཆས་ཁ་ཤས་ཤིག་མ་འབྱོར་བ། སྡེ་བའི་བར་གྱི་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་མིན་པ། སྡེབ་སྒྲིག་བྱས་པ་མི་ལེགས་པ་སོགས་ཀྱི་གནད་དོན་མང་པོར་འཕྲད་རུང་། འོན་ཀྱང་མཉམ་ལས་ཁང་གི་ཁོངས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་གྱིས་འཚོལ་སྙེག་བྱས་པས་ལོ་གཅིག་གི་ནང་དུ་ཡོང་སྒོ་བླངས་ཞིང་མཉམ་ལས་ཁང་གི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་ཉམས་མྱོང་བསགས”ཞེས་མཉམ་ལས་ཁང་འཛུགས་པའི་གྲོས་མགོ་འདོན་མཁན་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་ཀྲུའུ་ཀྲུང་ཏི་ཡིས་དགོད་ཞོར་དུ་དེ་ལྟར་བཤད།

“ང་ཚོས་ཁེ་སྤོགས་སྒོར་མོ་བགོས་པར་མ་ཟད་ད་རུང་བྱ་དགའི་དངུལ་ཐོ་བཙུགས། ཁེ་ཕན་ཐོབ་པའི་མཉམ་ལས་ཁང་གི་ཁོངས་མི་དང་ཕུལ་བྱུང་ཞིང་ལས་འཕྲུལ་ཆས་ཁ་ལོ་བ། སྡེ་བའི་ཐུན་མོང་ཁ་ཤས་བཅས་ལ་བྱ་དགའ་བྱིན། དཔེར་ན། ན་ནིང་ཁྲེ་ཙེ་གོང་མས་དཀའ་ཚེགས་ཆེས་ཆེ་བའི་རྐ་མགོ་གཞུང་གི་སྟོན་སྡུད་ལེགས་འགྲུབ་བྱས་པའི་གཟེངས་བསྟོད་དུ་བྱ་དགའ་སྒོར་མོ་སྟོང་གསུམ་དང་དགུ་བརྒྱ་དགུ་བཅུ་བྱིན། དེ་ལས་གཞན། ང་ཚོས་སྤྱི་བསགས་དངུལ་ཐོ་བཙུགས་ཡོད་ལ་དེ་ནི་འཁོར་རྒྱུག་གཉེར་སྐྱོང་དང་ཞབས་འདེགས་རྒྱ་བསྐྱེད། གྱོང་གུན་ཁ་གསབ་བཅས་ཀྱི་ཐད་བཀོལ་བ་དང་། སྤྱི་ཕན་དངུལ་ཐོ་དང་སློབ་གསོ་དངུལ་ཐོ་བཙུགས་ཏེ་འཚོ་བར་དཀའ་ཁག་ཡོད་པའི་རོང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་བ་སོགས་མཉམ་ལས་ཁང་ཐོག་མར་འཛུགས་དུས་ཀྱི་མང་ཚོགས་ལ་ཕན་འདོགས་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ།     གྲོང་གསེབ་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་ལག་བསྟར་གང་ལེགས་བྱས་པ་ཡིན”ཞེས་རིན་ཆེན་དོན་འགྲུབ་ཀྱིས་བཤད།

“ན་ནིང་མཉམ་ལས་ཁང་གིས་ཚང་མར་རོགས་སྐྱོར་ཆེན་པོ་ཞིག་བྱས་སོང་། ང་ཚོ་སྡེ་བ་ནི་མཐའ་འཁོབ་ཏུ་གནས་ཤིང་ཞིང་ས་ཆུང་ལ་ས་རྒྱ་དོག་པས་གྲོང་རྡལ་ཡོངས་ནས་ལོ་ཏོག་ཆེས་འབྲེག་དཀའ་བའི་སྡེ་བ་ཡིན།       ལོ་རེར་ང་ཚོས་བཙལ་ཡོང་བའི་ཞིང་འབྲེག་ཁ་ལོ་བ་སུ་ཞིག་ཡིན་རུང་ལོ་གཉིས་པར་ལོ་ཏོག་འབྲེག་ཏུ་མི་ཡོང་།      མཉམ་ལས་ཁང་གིས་ང་ཚོར་སྟོན་སྡུད་རོགས་བྱས་པར་མ་ཟད་ད་རུང་ལོ་རེ་རེར་ལོ་ཏོག་འབྲེག་ཏུ་ཡོང་བས་ཚང་མས་མཉམ་ལས་ཁང་ལ་བཀའ་དྲིན་ཞུ་བཞིན་ཡོད”ཅེས་རྐ་མགོ་གཞུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙུན་པ་རྒྱལ་གྱིས་སེམས་འགུལ་ཐེབས་ཞོར་དུ་བཤད།

རྐང་ཚ་ཞོལ་མ་སྡེ་བའི་བསོད་ནམས་དོན་འགྲུབ་ད་ལོ་ལོ་ན་དོན་དྲུག་ལ་སོན་འདུག ཁྱིམ་ཚང་ནང་གི་ན་གཞོན་ངལ་རྩོལ་བ་ཕྱི་རུ་ཞོར་ལས་ལ་བུད་སོང་བས། ལོ་རེའི་སྟོན་སྡུད་སྐབས་སུ་ཁོས་རང་ཚང་གི་གྲོ་འབྲེག་པའི་ལས་ཀར་སེམས་ཁུར་བྱེད་དགོས། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་ཡོད་པའི་རྗེས་སུ་རྒན་པའི་སེམས་ཁུར་ཐག་གིས་བཅད་སོང་། “ན་ནིང་ཆུ་འབྲུབ་པའི་དུས་སྐབས་རིང་ཞིང་ཆར་ཆུ་མོད་པས། ངེད་ཚང་གི་ལོ་ཏོག་མྱུར་དུ་འབྲེག་དགོས་པ་བྱུང་རུང་།  རྫོང་མཁར་ནས་ཞིང་འབྲེག་འཕྲུལ་ཆས་ཤིག་གླས་ན་ལམ་ཐག་རིང་ལ་རིན་གོང་མཐོ་བས་ཇི་ལྟར་བསམ་རུང་ཕན་མི་ཐོགས། སྐབས་དེར་ངས་དེ་ལྟར་སེམས་ཁུར་བྱེད་པའི་སྐབས་སུ། མཉམ་ལས་ཁང་གིས་སྡེ་བའི་ནང་ལ་ཞིང་འབྲེག་འཕྲུལ་ཆས་དང་ཁ་ལོ་བ་མངགས་ནས་ང་ལ་གྲོ་སྡུད་རོགས་བྱས་སོང་།     དེ་ནི་ངོ་མས་སེམས་འགུལ་ཐེབས་པ་ཞིག་རེད”ཅེས་བསོད་ནམས་དོན་འགྲུབ་ཀྱིས་བསྟོད་པ་རིང་མོ་ཞིག་འཐེན།

མེད་པ་ནས་ཡོད་པ་དང་། རྙོག་འཛིང་ནས་སྟབས་བདེར་འཕེལ་བའི་གོ་རིམ་བརྒྱུད། ད་ལྟ། མཉམ་ལས་ཁང་ལ་ཐོག་མར་འཕྲུལ་ཆས་དགུ་ལས་མེད་པ་ནས་ད་ལྟ་འཕྲུལ་ཆས་གྱ་བཞི་རུ་འཕར་ཡོད། 2022ལོའི་ལོ་ཧྲིལ་པོར་ཞིང་ལས་འཕྲུལ་ཆས་ཀྱིས་བཏབ་པ་དང་བྲེགས་པའི་ཞིང་སའི་རྒྱ་ཁྱོན་སྤྱི་ཆིང་སྟོང་གཅིག་བརྒྱ་དང་དྲུག་དང་གྲངས་ཆུང་རེ་བདུན་ལ་སླེབས་པ་དང་།   ཞིང་པའི་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་རེ་གཉིས་ལ་ཞབས་འདེགས་ཞུས་ནས། ངལ་རྩོལ་བ་སྟོང་གསུམ་དང་བརྒྱད་བརྒྱ་གྱ་བཞི་བཅིངས་འགྲོལ་བྱས་པས་རོང་འབྲོག་ཁྱིམ་ཚང་གི་མ་དངུལ་སྒོར་མོ་འབུམ་བཞི་གྲོན་ཆུང་བྱེད་ཐུབ་པ་བྱུང་།

དཔྱིད་འདེབས་ལ་གྲ་སྒྲིག་བྱེད་རན་སོང་། ད་ལོ་མཉམ་ལས་ཁང་གི་ཞིང་ལས་འཕྲུལ་ཆས་ཀྱིས་གོ་ཆེན་པོ་ཆོད་ཐུབ་པར་ཡིད་ཆེས་ཡོད། ང་ཚོས་ཡག་ཐོག་ཡག་བརྩེགས་བྱས་ན་ས་ཞིང་འཁོར་རྒྱུག་གི་རྒྱ་ཁྱོན་ཇེ་ཆེར་གཏོང་ཐུབ་ལ། ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་གི་ལས་ཡུན་ཇེ་རིང་དུ་གཏོང་ཐུབ་ཅིང་། དཔྱིད་འདེབས་སྟོན་སྡུད་ཀྱི་བྲེལ་འཚུབ་ཆེ་བའི་དུས་སྐབས་དེ་ཞིང་ལས་ཡོང་འཕར་གྱི་ལོ་ཧྲིལ་པོར་ཁོམ་པ་མེད་པའི་ཕྱོགས་སུ་མངོན་འགྱུར་བྱས་ཏེ། ཚན་རྩལ་མཐོན་པོའི་ཞིང་ལས་འཕྲུལ་ཆས་དེ་འཕྲང་དམར་གྲོང་རྡལ་གྱི་དཔྱིད་འདེབས་སྟོན་སྡུད་ཀྱི་ལག་རོགས་པ་བཟང་པོ་ཞིག་ཏུ་འགྱུར་དུ་འཇུག་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་ཤེད་ཤུགས་ཀྱི་ལས་ཀ་ལས་མཁན་ནས་ལག་རྩལ་གྱི་ལས་ཀ་ལས་མཁན་དུ་བསྒྱུར་རྒྱུ་ཡིན་ཞེས་རིན་ཆེན་དོན་འགྲུབ་ཀྱིས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཏེ་ལྟར་བཤད།

                                                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།