ལེ་ཧྥིན་གྱི་སྙིང་སྟོབས་ལ་ནམ་ཡང་ཉམས་པ་མེད།
2023.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པ་ཚོས་བློ་མཐུན་ལེ་ཧྥིན་ལ་ཕྱག་བྲིས་གནང་ནས་ལོ་དྲུག་ཅུ་འཁོར་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"དུས་རབས་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ལེ་ཧྥིན་གྱི་སྙིང་སྟོབས་ལ་ནམ་ཡང་ཉམས་པ་མེད"ཅེས་བསྟན་ཡོད། ལེ་ཧྥིན་སྙིང་སྟོབས་ཀྱི་རྟག་བརྟན་རིན་ཐང་ལ་རྒྱས་བཤད་ཟབ་མོ་གནང་བ་དེས་ལོ་ངོ་དྲུག་ཅུའི་རིང་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་ཁས་ལེན་གང་ལེགས་གནང་ཡོད་ལ། སྐྱོད་ལམ་གསར་པའི་སྟེང་ལེ་ཧྥིན་གྱི་སྙིང་སྟོབས་སྔར་ལས་དར་སྤེལ་ཡག་པོར་གཏོང་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ཡོད། ལེ་ཧྥིན་སྙིང་སྟོབས་ནི་དྭངས་གཙང་བླ་མེད་ཅིག་ཡིན་པའི་རྐྱེན་གྱིས་མི་རབས་ནས་མི་རབས་བར་དུ་མི་ཀུན་ལ་སེམས་འགུལ་དང་སྐུལ་མ་ཐེབས་ཤིང་། ཁོའི་ཀུན་སྤྱོད་སྟོབས་ཤུགས་ལ་ལོ་རྒྱུས་རྒྱུན་རིང་བ་དང་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པར་གནས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་ལེ་ཧྥིན་གྱི་སྙིང་སྟོབས་རྒྱུད་འཛིན་དང་མི་རིགས་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ལེ་ཧྥིན་གྱི་སྐུ་ཚེ་ཧྲིལ་པོར་དུས་ཡུན་ཐུང་ཡང་རླབས་ཆེ་བ་ཞིག་ཡིན་པ་དང་། ཁོང་གིས"ཚད་ཡོད་ཀྱི་ཚེ་སྲོག་དེ་ཚད་མེད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བར་ཕུལ་ཡོད་ལ།"ཁོང་གིས་དུས་རྒྱུན་དུ་རང་ཉིད་ལ"གལ་ཏེ་ཁྱེད་ནི་ཆུ་ཐིགས་ཙམ་ཡིན་ཚེ།ཁྱེད་ཀྱིས་ས་གཞི་ཚོན་གང་བརླན་ཐུབ་བམ། གལ་ཏེ་ཁྱེད་ནི་ཆེས་ཆུང་བའི་གཅུས་གཟེར་ཞིག་ཡིན་ན་ཁྱེད་ཀྱིས་ནམ་ཡང་རང་ཉིད་ཀྱི་འཚོ་བའི་ལས་གནས་དེ་བརྟན་སྲུང་བྱེད་ཐུབ་བམ"ཞེས་དྲན་སྐུལ་གནང་བཞིན་ཡོད་ལ། དམངས་དོན་གཞན་ཕན་དང་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་དེ་མི་ཚེའི་ཤོག་ངོ་རེ་རེར་བྲིས་ཡོད། རྒྱུན་ལྡན་ཀྱི་འཚོ་བའི་ཁྲོད་ནས་མཛེས་སྡུག་ངོ་མ་དེ་རྙེད་ཐུབ་པ་དང་། དོན་དག་ཕྲན་བུའི་ཁྲོད་ནས་བརྩེ་བ་ཆེན་པོ་དོན་གཉེར་བྱེད་པ། དོན་དག་ཕྲན་ཚེགས་ལས་བདེན་དོན་ལ་བརྩི་མཐོང་བྱས་ཏེ་མི་རྣམས་ཡིད་སྨོན་སྐྱེས་པའི་ཀུན་སྤྱོད་ཀྱི་མཛད་རྗེས་རྡོ་རིང་བཙུགས་ཡོད་པ་དང་། གུང་ཁྲན་ཏང་མིའི་ནམ་ཡང་མདོག་མི་འགྱུར་བའི་བསམ་པའི་དར་ཆ་ཞིག་ཏུ་གྱུར་ཡོད། ལེ་ཧྥིན་གྱི་སྙིང་སྟོབས་ལས་མངོན་པའི་དད་སེམས་ཀྱི་ནུས་པ་དང་། བརྩེ་སེམས་ཡངས་བའི་བློ་རྒྱ། རང་དོན་རྒྱབ་བསྐྱུར་གྱི་སྙིང་སྟོབས། ཡར་བརྩོན་གྱི་ངར་ཤུགས་བཅས་ནི་མི་རིགས་ཀྱི་སྙིང་སྟོབས་མཚོན་པར་བྱེད་པའི་ཆེས་བཟང་བའི་དངོས་བྲིས་ཤིག་རེད།

ལོ་ངོ་དྲུག་ཅུའི་རིང་ལ། ལེ་ཧྥིན་སྙིང་སྟོབས་ཀྱི་འབོད་སྐུལ་དང་གསོ་སྐྱོང་གི་འོག་ནས། ལེ་ཧྥིན་ལྟ་བུའི་དཔེ་སྟོན་མི་སྣ་དང་སྔོན་ཐོན་ཚོགས་པ་མང་པོ་ཞིག་གིས་མི་ཕལ་བའི་བྱ་སྤྱོད་ལེགས་པོས་ཀུན་སྤྱོད་ཀྱི་མཁའ་དབྱིངས་ལ་འོད་སྣང་སྦྱིན། ཀྲུའུ་པོ་རུའུ་དང་ཞུས་ཧུའུ། ཀྲོང་ཧྲི་ཧྭ། ཀུའོ་མིང་དབྱི་སོགས་དཔེ་སྟོན་མི་སྣས་རྒྱལ་ཡོངས་ས་གནས་སོ་སོའི་ལེ་ཧྥིན་དང་བླངས་ཞབས་ཞུའི་རུ་ཁག་དང་། ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་འབད་བརྩོན་བྱེད་བཞིན་པའི་ཏང་ཡོན་དཀྱུས་མ་དང་དང་བླངས་པ། ཡ་རབས་ཀྱི་སྲོལ་བཟང་རྒྱུད་འཛིན་བྱས་ཏེ་དམ་པའི་རྗེས་སུ་སྙེགས་ནས་མི་སེམས་འགུལ་བའི་ཟོལ་མེད་ཀྱི་བསྟོད་གླུ་མང་པོ་གྱེར། དུས་རབས་ཀྱི་རླབས་རྒྱུན་ཁྲོད་ལེ་ཧྥིན་གྱི་གཏམ་རྒྱུད་བྱུང་དང་འབྱུང་བཞིན་ཡོད་ལ། རྒྱུན་ཆད་མེད་པར་ལེ་ཧྥིན་སྙིང་སྟོབས་ཀྱི་དུས་རབས་གསར་བའི་ནང་དོན་དང་འབྲི་བཞིན་ཡོད། ལག་ལེན་གྱིས་ཀྱང་ལེ་ཧྥིན་སྙིང་སྟོབས་ནི་ནམ་ཡང་ཉམས་པ་མེད་པ་ར་སྤྲོད་བྱས་ཡོད་པས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་གསོན་ཉམས་ལྡན་པའི་མངོན་ཚུལ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་ལེ་ཧྥིན་སྙིང་སྟོབས་ལ་མི་ཚང་མས་སློབ་སྦྱོང་བྱེད་དགོས་ཤིང་། རྟག་ཏུ་མི་སེམས་འགུལ་བའི་བྱ་བ་བསྒྲུབས་འོས་ཟེར། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པར་ལོ་རབས་དང་ཁོར་ཡུག རྒྱབ་ལྗོངས་སོགས་ཀྱི་ཆ་རྐྱེན་གྱིས་ཚོད་འཛིན་མི་ཐེབས་ལ། དུས་རབས་གསར་བ་དང་སྐྱོད་ལམ་གསར་པར་སྔར་ལས་བསམ་པའི་སྟོབས་ཤུགས་ཆེན་པོ་ལྡན་ནས་མདུན་སྐྱོད་བྱེད་དགོས། ལེ་ཧྥིན་གྱི་སྙིང་སྟོབས་དེ་དུས་རབས་རང་སྟེང་ལས་བརྒལ་ཅིང་། ཁོང་ཏང་དང་མེས་རྒྱལ། སྤྱི་ཚོགས་རིང་ལུགས་ཀྱི་ཆེས་མཐོའི་ཕུགས་འདུན་དང་དད་སེམས་བརྟན་པོར་དགའ་ཞེན་ཆེ་ལ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་གཞན་ལ་རོགས་རམ་བྱེད་པའི་བསམ་པའི་སྟོབས་ཤུགས་དང་། ལས་རིགས་གཅིག་གཉེར་ན་དེ་ལ་དགའ་ཞིང་། ལས་རིགས་གཅིག་སྦྱངས་ན་དེ་ལ་མཁས་པའི་ལས་བཀུར་གྱི་སྙིང་སྟོབས་ལྡན་ལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་བརྩོན་ལྷོད་མེད་ཀྱི་གསར་གཏོད་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་ལས་སྐྲུན་གྱི་སྙིང་སྟོབས་སོགས་དུས་ལས་ཡོལ་མི་སྲིད་པ་མ་ཟད། དེ་ལས་ལྡོག་སྟེ་མིག་སྔར་གྱི་དགོས་མཁོ་དང་ཧ་ཅང་མཐུན་པ་རེད། ད་ལྟ་ཡང་ང་ཚོས་སྔར་བཞིན་དེའི་ཁྲོད་ནས་རིན་ཐང་བྲལ་བའི་མི་ཚེའི་བློ་སྒོ་འབྱེད་ཐུབ་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱང་བསྡུ་ལེན་བྱེད་ཐུབ།

དུས་རབས་ཀྱི་འཕོ་འགྱུར་དང་གཙང་བོའི་བཞུར་རྒྱུན་བར་ནས་ནམ་ཡང་ཉམས་པ་མེད་པ་ནི་སྙིང་སྟོབས་ཀྱི་འོད་ཟེར་རེད། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པ་ནི་མདུན་སྐྱོད་བྱེད་པ་ཡིན་ལ། ང་ཚོས་དེའི་ཁྲོད་ནས་རྣམ་ཤེས་ཀྱི་མཛེས་པར་རྙེད་ཐུབ་ལ་སྙིང་སྟོབས་ཀྱི་འོད་སྣང་འདོན་ཐུབ། བླ་ན་མེད་པའི་ཕུགས་འདུན་དད་སེམས་དང་ཀུན་སྤྱོད་སྤུས་ཚད་ཀྱི་འཚོལ་སྙེགས་དེ་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ནས་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བའི་ཁྲོད་དུ་མངོན་པར་བྱེད་དགོས་ལ། རང་ཉིད་ཀྱིས་བསྒྲུབ་འོས་པའི་བྱ་བ་བསྒྲུབས་ནས་ལེ་ཧྥིན་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་དགོས་པ་དང་། ལེ་ཧྥིན་སྙིང་སྟོབས་ལ་སྔར་ལས་འོད་མདངས་བཀྲ་བའི་དུས་རབས་ཀྱི་འོད་སྣང་འཚེར་དུ་བཅུག་ནས། མུ་མཐུད་དུ་དུས་རབས་གསར་བའི་འཕེལ་འགྱུར་ལ་ཚེ་སྲོག་གིས་བསྟོད་བསྔགས་འབུལ་དགོས།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་གཡང་ཕྱུག་སྒྲོལ་མ། ལྷ་མོ་འཚོ།