གཡམ་སྡེ་བའི་དར་སྤེལ་ལ“གོ་རེ”གཙོ།
2023.03.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་གཡམ་སྡེ་བའི་ཧྲུའུ་ཅི་དང་པོ་ཡང་ཕེ་ཧུང་གི་ཉིན་ཐོ།

ཟླ2ཚེས13ཉིན། གཟའ་ཟླ་བ། ཁངས་ཆེན་བབས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་གཡམ་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས་ཏང་གི་ཞིང་ལས་བྱེད་ཕྱོགས་དང་སྲིད་ཇུས་སྒྲོག་འགྲེལ་ལེགས་པོ་བྱེད་པ་དང་། ཏང་གི་གསུང་སྐད་བརྒྱུད་སྒྲོག་ལེགས་པོ་བྱེད་པ། གྲོང་གསེབ་དར་སྤེལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་བཅས་ནི་ངའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་པ་དང་། ངས་སེམས་ཞིབ་མོས་ལས་ཀ་གཙོ་བོར་འཆར་གཞི་བཀོད་པ་དང་། བསམ་བློ་ཞིབ་མོར་གཏོང་བ། ཡིག་ཆའི་དགོངས་དོན་ལ་གོ་བ་ལེགས་པོ་བླངས་ཏེ། སང་ཉིན་ནས་བཟུང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་བཏོན་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འཚོ་སྡོད་ལ་འཚམ་པ་དང་། ལས་ཀ་གཉེར་བར་འཚམ་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རོང་འབྲོག་པས་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་པ། རོང་འབྲོག་ཁུལ་གྱི་རིམས་འགོག་སོགས་དང་རོང་འབྲོག་པ་མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་སྡེ་མི་རྣམས་ལ་སྒྲོག་འགྲེལ་བྱེད་དགོས།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་དང་འགག་རྩ་ཡིན། གཡམ་སྡེ་བའི་གོ་རེ་ཐོན་ལས་དེ་དང་ཐོག་ཁྱིམ་ཚང་ཁ་ཤས་ལས་མེད་པ་ནས་ད་ལྟ་དབུལ་ཕོངས་ཁྱིམ་ཚང་ཚང་མ་དེའི་ནང་ཞུགས་ཡོད་པ་དང་། ད་ལྟ་ད་དུང་དབུལ་ཐར་ཁྱིམ་ཚང་གིས་ཡོང་སྒོ་བརྟན་འཇགས་སྒོས་འཕར་བར་རོགས་རམ་བྱེད་པའི་ཐོན་ལས་ཞིག་ཏུ་གྱུར་ཡོད།གོ་རེའི་ཐོན་ལས་གཉེར་བ་ནས་བཟུང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་གོ་རེའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་བདེན་དཔང་བྱས་ཡོད་པ་དང་། ང་རང་གིས་དེ་ནི་ང་རྒྱལ་ཞིག་ཏུ་རློམ་ཡོད་ལ། འདིས་ང་ཚོའི་རོགས་སྐྱོར་ལ་གྲུབ་འབྲས་བླངས་ཡོད་པ་གསལ་བཤད་བྱས་ཡོད།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན་ཡོད། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་དེ་རྩ་བའི་བླང་བྱར་བརྩི་བ་དང་། དབུལ་ཐར་རྫོང་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་བློ་སྐྱོར་དང་རིག་སྐྱོར་ལ་སྔར་ལས་མཐོང་ཆེན་དང་། ཐོན་ལས་དང་ལས་ཞུགས་ལ་དམིགས་པ། ཡོང་སྒོའི་བར་ཁྱད་དང་། འཕེལ་རྒྱས་ཀྱི་བར་ཁྱད་མུ་མཐུད་ཇེ་ཆུང་དུ་གཏོང་དགོས། ཇི་ལྟར་གོ་རེ་ཐོན་ལས་མུ་མཐུད་འཕེལ་རྒྱས་ལེགས་པོ་གཏོང་བ་དང་། དབུལ་ཐར་ཁྱིམ་ཚང་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པ་དེའང་ངས་མུ་མཐུད་བསམ་གཞིག་གཏོང་དགོས་པའི་གནད་དོན་ཞིག་རེད།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་འཚོ་སྡོད་ལ་འཚམ་པ་དང་། ལས་རིགས་གཉེར་རྒྱུར་འཚམ་པ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད། མཁར་གྲོང་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཉིན་མོའི་ལྟ་རྟོག་དང་། རོགས་རེས་རྒན་གསོ། གཅེས་པའི་འཚམས་འདྲི་བྱེད་པ། རྒན་པའི་ཟ་ཁང་སོགས་རྒན་གསོའི་ཞབས་ཞུ་ཁྱབ་གདལ་གཏོང་དགོས་པ་ནན་བཤད་གནང་ཡོད། རྒན་པ་རྣམས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་ཡང་སྤྲོ་སྣང་ཡོད་པ་བྱ་ཆེད། ཁྲི་ཀ་རྫོང་ཏང་ཨུ་རྩ་འཛུགས་པུའུ་ཡིས་མ་དངུལ་སྒོར་མོ་འབུམ་གཅིག་བཏང་ནས་གཡམ་སྡེ་བའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་སྤྱིའི་རྒྱ་ཁྱོན་ལ་མུས་ངོས་སྙོམས་གྲུ་བཞི་མ་བརྒྱ་ཡོད་པའི་རྒན་པའི་ས་ཚིགས་ཤིག་སྐྲུན་པ་རེད། ད་ལོར། ང་ཚོས་མུ་མཐུད་དུ་རྒན་གསོའི་ས་ཚིགས་འདི་བཀོལ་སྤྱོད་བཟང་པོ་བྱས་ཏེ། རྒན་པ་རྣམས་ལ་ཚེ་མཇུག་སྐྱིད་པོ་ཞིག་རོལ་དུ་འཇུག་པའི་དུས་མཚུངས་སུ། ད་དུང་སྡེ་བའི་ནང་སྒོ་ཕྱིར་ཞོར་ལས་ལ་སོང་བའི་ན་གཞོན་རྣམས་ཀྱི་སེམས་ཁུར་ཐག་གཅོད་བྱས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་རྒན་པའི་ས་ཚིགས་ཀྱིས་རྒན་གསོའི་ལས་དོན་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། སྡེ་བ་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་ལ་རྒན་པའི་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས་མཁོ་འདོན་བྱས་ནས་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་།

ལོ་གསར་པའི་ནང་འགོ་གསར་བ་བཟུང་སྟེ།ངས་མུ་མཐུད་བྱ་བའི་བསམ་ཕྱོགས་གསར་སྐྲུན་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་མཉམ་དུ་དུས་ཚོད་ཀྱིས་མི་ལ་མི་སྒུག་པ་བཞིན་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་འབད་འབུངས་སྙིང་སྟོབས་ཀྱིས་རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུས་བྱ་བ་སོ་སོ་དམ་འཛིན་ལེགས་པོ་བྱས་ཏེ། མང་ཚོགས་ཀྱི་ཆེད་དུ་ཧུར་ཐག་གིས་བྱ་བ་བཟང་པོར་སྒྲུབ་པ་དང་། དོན་དངོས་བསྒྲུབ་དགོས། ཚང་མའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ང་ཚོས་གྲོང་གསེབ་དར་སྤེལ་གཏོང་བའི“གོ་རེ”ཡི་ཐོན་ལས་རྣམ་པ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ངེས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།