བོད་རིགས་ཡུལ་ཚོ་རུ་དམངས་ཕན་གྱི“གསུང་སྐད་སྙན་མོ”ཡང་ཡང་གྲགས།
2023.03.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་བ་དང་། གནད་དོན་འཐབ་ཕྱོགས་དང་པོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཧོང་ཀྲུང་ཆུས་ཁྱུང་རྒྱ་བོད་རིགས་ཡུལ་ཚོའི་སྡེ་བར་བཅའ་སྡོད་བྱེད་པའི་བྱ་བའི་རུ་ཁག་ལྔ་ཡིས་མིག་སྔའི་དཔྱིད་འདེབས་ཐོན་སྐྱེད་གྲ་སྒྲིག་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞ་ཅོན་སྡེ་བ་ནས“སྲིད་ཇུས་བཤད་པ་དང་། བརྟན་པོའི་ངང་འཕར་བ། ལས་ཞུགས་བརྟན་པོ་ཡོང་བ། ཞབས་ཞུར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ”བཅས་ཀྱི་བྱེད་སྒོ་སྤེལ་ནས་སྒྲོག་འགྲེལ་བྱ་བ་ནན་ནན་ཏན་ཏིག་གིས་་སྤེལ་བ་དང་། དམངས་ཕན་ཞབས་ཞུ་སྣ་ཚོགས་སྤེལ་བས། ཞིང་ཕན་སྲིད་ཇུས་སོ་སོ་མི་སེམས་སུ་ཟུག་ཐུབ་པ་བྱུང་ཡོད།

ལྷས་རུལ་སྡེ་བས་ད་ལོའི་གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱ་བའི་ཚན་ཆུང་གིས་ཏང་ཡོན་སྒྲོག་འགྲེལ་ཡན་ལག་རུ་ཆུང་སྐུལ་སློང་བྱས་ཏེ། སྡེ་བའི་རིག་གནས་ཐང་ཆེན་དུ་དུས་རྒྱུན་ཞིང་ལས་གཉེར་བ་དང་ཕྱུགས་ཟོག་འཚོས་ནས་འཚོ་བ་རོལ་བཞིན་པའི་སྡེ་མི་རྣམས་ལ་རྨོ་ཞིང་གི“འབྲུ་རིགས་འདེབས་ས་རུ་ཞིང་ལས་ལོ་ཏོག་གཞན་པ་འདེབས་པ”དང་། མི་སྡོད་ཁོར་ཡུག ཞིང་ལས་སྟོབས་ལྡན་དང་། ཞིང་བར་ཕན་པ། ཞིང་བ་ཕྱུག་པོར་འགྱུར་བ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་གྲོང་གསེབ་དར་སྤེལ་ལ་རྐང་བཙུགས་པ་དང་། དྲ་མིག་ཅན་ཁག་ཏུ་གཏིང་ཟབ་སྒོས་སྤེལ་ཏེ། ཏང་ཡོན་མང་ཚོགས་དང་མཉམ་དུ་ཁྱིམ་དུ་བསྡད་དེ་གོ་བདེ་བའི་སྐད་ཆའི་ལམ་ནས་མང་ཚོགས་ཀྱི་དོགས་གཞི་ཅན་གྱི་དྲི་བར་འགྲེལ་བཤད་བྱས། སྡེ་མི་རྟ་མགྲིན་གྱིས་བཤད་རྒྱུར། “ད་ལོར་ཏང་གི་སྲིད་ཇུས་བཟང་པོའི་འོག ནུས་ཤུགས་ཡོད་རྒུས་ས་རྒོད་རྨོ་ཞིང་དུ་བསྒྱུར་བའི་བྱ་བ་བཟང་བོར་སྒྲུབ་ཏེ། ནས་དང་། ལོག་དཀར་མུའུ་འགའ་མང་དུ་བཏབ་པས། ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་སོང་ཟེར།

ཐོག་ཁང་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་གི་ཧྲུའུ་ཅི་དང་པོ་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ། རང་འགུལ་ངང་ཏང་ཡོན་རྒན་པའི་ཁྱིམ་དུ་སོང་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས། ཀྲུང་དབྱང་དང་ཞིང་ཆེན།གྲོང་ཁྱེར།ཆུས་བཅས་ཀྱི་ཏང་ཨུའི་འབྲེལ་ཡོད“ཞིང་གསུམ”དང་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས་པ་དང་། ཁོ་ཚོས་རང་ཉིད་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་ལྟར་སློབ་སྦྱོང་བྱས་ནས་ཉེ་འགྲམ་གྱི་མི་ལ་ནན་ནན་ཏན་ཏན་གྱིས་སྒྲོག་འགྲེལ་བྱེད་དགོས་པའི་ཁ་ཏ་བྱས། ཏང་ཡོན་རྒན་པ་མཁའ་མཚོ་ཡིས་བཤད་རྒྱུར། “ཁྱེད་ཚོས་སེམས་ཞིབ་མོས་ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་འགྲེལ་བཤད་བྱས་པས། ང་ཚོའི་སེམས་ནང་གི་གདེང་ཚོད་སྔར་ལས་ཆེ་རུ་ཕྱིན་སོང་། ཏང་གི་སྲིད་ཇུས་བཟང་པོས་ང་ཚོ་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཡོད། ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་དཔེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྡེ་བ་ཡོངས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་རྒྱུ་ཡིན”ཟེར།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་ཞིང་ཕན་སྲིད་ཇུས་སོ་སོ་སྒྲོག་འགྲེལ་བྱས་པའི་དུས་མཚུངས་སུ། ཞ་ཅོན་སྡེ་བས་མང་ཚོགས་རྩ་འཛུགས་བྱས་ནས་ཆུས་ཡི་ལས་ཞུགས་གདན་ཞུའི་འདུ་ཚོགས་ནང་ཞུགས་སུ་བཅུག་པ་དང་། མང་ཚོགས་ཀྱི་ལས་ཀ་བཙལ་བའི་ཐབས་ལམ་རྒྱ་སྐྱེད་དེ། དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་ཡོད། སྡེ་མི་སྐལ་བཟང་ཚེ་བརྟན་གྱིས་བཤད་རྒྱུར། “ལས་ཞུགས་གདན་ཞུའི་འདུ་ཚོགས་སྟེང་རང་ལ་འཚམ་པའི་ལས་ཀ་ཞིག་མ་རྙེད་ཀྱང་། རང་གིས་དེང་སྐབས་ལས་རིགས་སོ་སོས་ལས་བཟོ་བ་བཀོལ་སྤྱོད་ཀྱི་དགོས་མཁོ་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་། ད་ལོར་ངས་ང་ཚོ་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་སྟེང་། ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་ཕྱེས་ནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ།  དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་གཏོང་རྩིས་ཡོད”ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།