སྲིད་ཇུས་སྒོ་ཁར་སྐྱེལ་ནས་སེམས་པར་དྲོད་ཁོལ་སྦྱིན།
2023.03.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

དཔྱིད་ཀྱི་དུས་སུ་སྐྱེ་དངོས་ཐམས་ཅད་སླར་སོས་མགོ་བརྩམས་ཤིང་དཔྱིད་རླུང་བསིལ་བུ་ལྡང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དཔྱིད་རླུང་ཇི་བཞིན་རྨ་ཆུའི་མགོ་ཁུངས་སུ་གཡུགས་ཏེ། གནས་འདིའི་འབྲོག་པ་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བར་ཕྱོགས་པའི་སྤྲོ་སེམས་བསླངས།

ཉེ་ལམ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོ་སྦུབ་ཕུ་སྡེ་བའི་མཁའ་དབྱིངས་སུ་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་། སྡེ་སྡོད་ལས་བྱེད་པ་བཀྲ་ཤིས་དོན་འགྲུབ་ཀྱིས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། སྔ་མོ་ནས་གྲ་སྒྲིག་བྱས་པའི་ཟིན་བྲིས་དེབ་དང་དྲིལ་སྒྲོག་པར་དེབ་ལག་ཏུ་བཟུང་ནས་འབྲོག་ཁྱིམ་གྱི་ཕྱོགས་སུ་བུད་སོང་།

ད་ལོ་ནི་བཀྲ་ཤིས་དོན་འགྲུབ་སྡེ་སྡོད་བྱས་ནས་ལོ་གསུམ་འགོར་བའི་ལོ་ཡིན་ལ། ཁོ་ནི་ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་ཆེས་རིང་བའི་བརྟན་སྲུང་པར་གྱུར་ཡོད། རྫོང་འདིས2023ལོར་ལས་བྱེད་པ་བརྒྱ་གཞི་རིམ་དུ་སོང་ནས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”གྱི་བྱ་འགུལ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཚོགས་པ་དང་བསྟུན་ནས། ཁོ་ཡང་མགྱོགས་མྱུར་གྱིས་ལམ་ལ་ཆས་མགོ་བརྩམས།

བཀྲ་ཤིས་དོན་འགྲུབ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་བརྗོད་དོན་དུ་བཟུང་ནས།  དུས་ཐོག་ཏུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཁོངས་མི་དང་ཏང་ཡོན་རྒན་པ་རྩ་འཛུགས་བྱས་ཏེ། ཀྲི་པུའུ་ཡི“བརྗོད་དོན་ཏང་གི་ཉིན་མོ”དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཀྱི་བྱ་འགུལ་སྤེལ་བ་ལ་བརྟེན་ནས། གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་སོགས་ཀྱི་ལས་འགན་ལ་དམིགས་ཏེ། གཅིག་བསྡུས་སློབ་སྦྱོང་དང་ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ། སྲིད་ཇུས་འགྲེལ་བཤད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་གོ་བ་དཔྱིས་ཕྱིན་པ་ཞིག་བླངས་པའི་ཁར། ཐོན་ལས་འཕེལ་རྒྱས་དང་རྒན་གསོ་སོགས་སྡེ་བའི་དམངས་འཚོའི་ཐོན་སྐྱེད་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་རིགས་དབྱེ་ནས་དག་སྒྲིག་བྱས་ཤིང་། “སྲིད་ཇུས”སྡེ་མིའི་སེམས་སུ་འཇགས་པར་བྱས།

“ཡིག་ཆ་ཨང་དང་པོ་ནི་ང་ཚོ་འབྲོག་པ་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་གྱི་སྒོ་འབྱེད་པའི‘གསེར་གྱི་ལྡེ་མིག’ལྟ་བུ་ཡིན་པ་དང་། སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས་ན། ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་གོ་བ་ཟབ་མོ་ལེན་དགོས། དེ་ལྟར་བྱས་ན་ད་གཟོད་མང་ཚོགས་ཀྱི་དོགས་གཞི་སེལ་ཐུབ།” བཀྲ་ཤིས་དོན་འགྲུབ་ཀྱིས་ཉིན་རེར་ཚང་མ་དང་མཉམ་དུ་སློབ་སྦྱོང་བྱེད་པ་ལས་གཞན་ད་དུང་རང་ཉིད་ལ“ལས་འགན”བཞག་ཅིང་། སྲིད་ཇུས་རེ་རེའི་ཁྲོད་སྦུབ་ཕུ་སྡེ་བའི་འཕེལ་རྒྱས་ལ་འཚམ་པའི“ཐབས་ཇུས”བཙལ་རྗེས་ནན་ཏན་གྱིས་ཟིན་བྲིས་སུ་འདེབས་བཞིན་འདུག

ད་ལོ་ལོ47ཡིན་པའི་ཚེ་རྡོ་ཡིས2022ལོར་རང་ཁྱིམ་གྱི་སྒོ་ཁ་ནས“ལས་ཀ”ཞིག་རྙེད་བྱུང་། ཉེ་བའི་ལོ་འགའི་རིང་ལ། སྦུབ་ཕུ་སྡེ་བའི་སྡེ་བ་ཡོངས་ཀྱི་རྩྭ་ས་ཞན་འགྱུར་དང་བྱེ་འགྱུར་ཚབས་ཆེན་ཡིན་པས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཆེན་པོས་རོགས་སྐྱོར་དང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་བློ་རྩ་བརྟན་པོས་འགོ་ཁྲིད་བྱས་འོག སྦུབ་ཕུ་སྡེ་བས“སྐྱེ་ཁམས་བཅོས་སྐྱོང་ཐོན་ལས་ཅན་དང་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་རྒྱ་བསྐྱེད་པའི”ཆུ་དམར་ལེབ་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པར་མ་ཟད།  2022ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཆིག་སྒྲིལ་ཡུལ་ཚོའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་སྟེ་སྦུབ་ཕུ་སྡེ་བའི་རྟེན་གཞི་ཨང་དང་པོ་འཛུགས་སྐྲུན་དང་འདེབས་འཛུགས་བྱེད་མགོ་བརྩམས།

དཀའ་ངལ་ཁྱད་གསོད་བྱེད་ཐུབ་པའི་ཚེ་རྡོ་ནི་སྐོར་དང་པོའི་འདེབས་འཛུགས་རྟེན་གཞིའི“ལས་བཟོ་པར”གྱུར་པ་དང་། ཉིན་གཅིག་ལ་གླ་ཕོགས་སྒོར300ཡོད་པ་དེས་ཚེ་རྡོ་བཟའ་མི་གང་བོའི་འཚོ་བ་ཇེ་བཟང་དུ་འགྱུར་མགོ་བརྩམས།

ཚེ་རྡོ་ཡིས་བཀྲ་ཤིས་དོན་འགྲུབ་ཡོང་བཞིན་པ་མཐོང་འཕྲལ།“དོན་བཟང”ཞིག་ཡོད་པ་གསལ་པོར་རྟོགས་བྱུང་། སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་བཀྲ་ཤིས་དོན་འགྲུབ་ཀྱིས་ཀྱང་ཚེ་རྡོའི་རེ་བ་སྟོང་ཟད་དུ་མ་བཏང་།

འཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས། བཀྲ་ཤིས་དོན་འགྲུབ་ཀྱིས“ཡིག་ཆ་ཨང་དང་པོ་ལས་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དེ་རྩ་བའི་བླང་བྱར་བརྩིས་པ་དང་། དབུལ་ཐར་རྫོང་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དེ་མཁྲེགས་གཏོར་གཙོ་བོའི་ཁ་ཕྱོགས་སུ་བརྩིས་པར་མ་ཟད། ཕུགས་འདུན་དང་བློ་གྲོས་ལ་རོགས་སྐྱོར་བྱེད་པར་སྔར་བས་དོ་སྣང་དང་ཐོན་ལས་ལས་ཞུགས་ལ་དམིགས་ཏེ། ཡོང་སྒོའི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཉུང་དུ་གཏོང་དགོས་པར་བསྟན་ཡོད། དེ་བས་ཁྱོད་ཀྱི་སེམས་བདེ་མོ་བྱོས། ད་ལོར་ང་ཚོས་ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འུ་ཚོའི་འདེབས་འཛུགས་རྟེན་གཞིའི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་ཡིན། དེ་དང་མཉམ་དུ་ཁྱོད་ཚོ་ཡང་རྩ་འཛུགས་བྱས་ཏེ་མཚོ་ཤར་སོགས་ས་ཆ་གཞན་དག་ལ་འགྲོ་རུ་བཅུག་ནས་འདེབས་འཛུགས་ཀྱི་ཉམས་མྱོང་དང་ཞིང་སྤྱོད་འཕྲུལ་ཆས་བཀོལ་བར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད་བྱུང་།

གཏམ་དེ་གོ་མ་ཐག་ཚེ་རྡོ་དགའ་བ་འབུམ་གྱིས་མྱོས་ཏེ“དོན་དེ་ངོ་མ་བཟང་གི སེམས་བདེ་མོ་བྱས་ཆོག ངས་སློབ་སྦྱོང་བཟང་པོ་བྱེད་ཁོ་ཐག་ཡིན་པས་ཏང་གི་སྲིད་ཇུས་བཟང་པོ་སྟོང་ཟད་དུ་མི་གཏོང”ཟེར།

བཀྲ་ཤིས་དོན་འགྲུབ་ཀྱིས་མུ་མཐུད་དུ “ད་རུང་དོན་བཟང་ཞིག་ཡོད།“ལས་མགོ་ཡག་པོ”ཞིག་རྩོམ་པར། ང་ཚོ་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཉིན་འགའི་སྔོན་ལ་འདེབས་འཛུགས་རྟེན་གཞིའི་ས་རྒྱུ་ཞིང་ཆེན་དུ་འཁྱེར་ནས་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཚན་རིག་དང་གཟབ་ནན་གྱི་འདེབས་འཛུགས་ལག་རྩལ་དང་ཆེད་ལས་འཇོན་མིའི་རམ་འདེགས་བྱས་པ་བརྒྱུད། འུ་ཚོས་ལོ་རེར་ཡོང་འབབ་བསྐྲུན་ཐུབ་པ་དང་མི་རེར་ཁེ་སྤོགས་བགོ་ཐུབ་པར་ཁག་ཐེག་བྱས་ཡོད། དེ་དང་མཉམ་དུ་ཚང་མའི་ངར་སེམས་སློང་ཆེད་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་བྱས་ཏེ། ད་ལོ་ནས་ཁྱོད་ཚོའི་གླ་ཕོགས་ཇེ་མཐོར་གཏོང་རྒྱུ་ཡིན”ཞེས་བཤད།

སྒྲོག་འགྲེལ་ནི་དགའ་སྤྲོའི་ཁྲོད་མཇུག་རྫོགས་ཤིང་། བཀྲ་ཤིས་དོན་འགྲུབ་ཀྱིས་ཟ་མ་ཡང་མ་ཟོས་པར་ཁྱིམ་ཚང་གཞན་ཞིག་གི་ཕྱོགས་སུ་ཆས།

                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།