དཔྱིད་དུས་ཀྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གྲང་རླུང་འུར་འུར་ལྡང་ཞིང་གསེར་མདོག་གི་རྩྭ་ཐང་མ་ལུས་རབ་དཀར་ཁ་བས་གཡོགས་འདུག ང་ཚོས་རྒྱང་ལ་བལྟས་ན་ནོར་ལུག་རྣམས་ཐར་ཐོར་དུ་བག་ཕེབས་ཀྱིས་རྩྭ་ལ་རོལ་བ་དང་། མིག་ལམ་དུ་མངོན་པའི་མཐོ་སྒང་གི་མཛེས་ལྗོངས་ནི་ལྟ་ན་སྡུག་པའི་རི་མོ་རེ་རེ་དང་མཚུངས།
ཉེ་ལམ། ང་ཚོ་ཡུས་ཧྲུའུ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་ནས་ལམ་ལ་ཆས་ཤིང་སྔ་དྲོ་ཞིག་ལ་སོང་མཐར། ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྱི་མགོན་རོང་སྡེ་བར་ཐོན་བྱུང་།
ད་ལོ་ང་ཚོས་སྔར་ལས་ཧུར་བརྩོན་བྱས་ཏེ་སང་ལོར་སྡེ་བས་སྦྱིན་པའི་བྱ་དགའི་སྒོར་མོ་མུ་མཐུད་དུ་ལེན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཉིན་གུང་གི་སྐབས་སུ་ངག་དབང་ཐུབ་བསྟན་གྱིས་ཁོ་ཚང་གི་ནོར་ལ་རྩྭ་སྟེར་ཞོར་དུ་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད།
མགོན་རོང་སྡེ་བ་ནི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་སྡེ་བ་ཞིག་རེད། སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་ཡང་རུ་ཁག་བཞི་རུ་བགོས་ཡོད། ངག་དབང་ཐུབ་བསྟན་ནི་རུ་ཁག་གཉིས་པའི་རུ་གཙོ་རེད། ན་ནིང་ཁོ་ཚོའི་རུ་ཁག་གིས་འགན་ཁུར་ནས་གསོས་པའི་ནོར་ཁྱུ་ཡིས་བེའུ་མང་པོ་རྩེབས། རྩེབས་པའི་གྲངས་ཀ་མང་བར་མ་ཟད་གསོན་ཚད་ཀྱང་རུ་ཁག་བཞི་པོའི་ནང་གི་ཨང་དང་པོ་རེད། དེའི་རྐྱེན་གྱིས། ལོ་མཇུག་སྡེ་དམངས་ཚོགས་ཆེན་ཚོགས་སྐབས། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོའི་རུ་ཁག་ལ་བྱ་དགའ་སྒོར་མོ་ཁྲི་གཉིས་བྱིན།
“བྱ་དགའ་དེ་ཁེ་སྤོགས་བགོས་པ་དང་མི་འདྲ། མི་རེ་རེར་ཐོབ་པ་ཞིག་མིན་པར། གྲུབ་འབྲས་འབུར་ཐོན་གྱི་འཇོན་མིར་ད་གཟོད་བྱ་དགའ་དེ་ལེན་པའི་ཐོབ་ཐང་ཡོད། བྱ་དགའ་སྟེར་པ་ནི་བླངས་པའི་གྲུབ་འབྲས་ཁས་ལེན་བྱས་པ་ཡིན་ལ། དེ་བས་ཀྱང་རུ་ཁག་གཞན་ལ་སྐུལ་སློང་བྱས་པ་ཡིན། ཚང་མས་ཕན་ཚུན་ལ་འགྲན་ཞིང་བསྡུར་བའི་སྣང་ཚུལ་བཟང་པོ་ཆགས་ཏེ། ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཧྲིལ་པོའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བ་དང་། མཉམ་ལས་ཁང་གི་ཕན་འབྲས་སྔར་ལས་ཇེ་མཐོར་འགྲོ་རུ་བཅུག”ཅེས་མགོན་རོང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་དབང་རྡོ་འཛོམས་ཀྱིས་བཤད།
མཉམ་ལས་ཁང་གི་བྱ་དགའི་ལམ་ལུགས་གླེང་བ་ན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་དབང་རྡོ་འཛོམས་ཀྱི་ངག་སྒོ་ཕྱེས་སོང་།2017ལོར་སྡེ་བའི་མཉམ་ལས་ཁང་བཙུགས་མ་ཐག་ཏུ་རྩྭ་ས་དང་ནོར་ལུག མི་ཤུགས་སོགས་ལ་གཞི་ཁྱོན་ངེས་ཅན་ལྡན་པ་སྟེ། ཚང་མས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྟངས་བརྒྱུད་ནས་མ་རྐང་བཞག་པ་དང་། ནོར་ལུག་ཚང་མ་མཉམ་དུ་གསོས་ལ། སྡེ་མི་རྣམས་ཀྱིས་མཉམ་ལས་ཁང་དུ་ལས་ཀ་ལས་ན་གླ་ཕོགས་ལེན་ཐུབ་པར་མ་ཟད། ལོ་མཇུག་ཏུ་མཉམ་ལས་ཁང་གིས་ལོ་གང་བོར་བཙོང་བའི་ཡོང་སྒོ་ལྟར་ཚང་མར་ཁེ་སྤོགས་བགོ་བ་རེད། ལོ་དེར་སྡེ་བའི་ནང་གི་ནོར་ལུག་ཕྱིར་བཙོང་ཚད་ཧ་ཅང་མང་བས་ཚང་མས་ཁེ་སྤོགས་བླངས་རྗེས་ཡིད་ཚིམས་ནས་མཉམ་ལས་ཁང་གི་གཉེར་སྟངས་ལ་བསྟོད་བསྔགས་བྱས། ཡིན་ནའང་ལོ་གཉིས་པར་མཉམ་ལས་ཁང་གཉེར་བའི་གོ་རིམ་ཁྲོད་དུ་གནད་དོན་ཁ་ཤས་བྱུང་། 2018ལོར་མཉམ་ལས་ཁང་རྒྱུན་ལྡན་གྱིས་འཁོར་སྐྱོད་ཐུབ་མོད། འོན་ཀྱང་སྡེ་མི་ཁ་ཤས་ཀྱིས་འགན་མ་ཁུར་པར། སེམས་སུ་གང་ལྟར་ཕྱུགས་ཟོག་ཚང་མས་འཚོ་བཞིན་ཡོད་ལ། ཁེ་སྤོགས་བགོ་བའི་སྐབས་སུ་མི་གཅིག་ལའང་ཆད་དུ་མི་འཇུག་པས། རང་ཉིད་ཀྱིས་དོན་དག་གང་ལའང་ཁ་ཡ་མ་བྱས་པར་ལོ་མཇུག་གི་ཁེ་སྤོགས་བགོ་བའི་དུས་ལ་བསྒུགས་ནས་བསྡད་ཆོག་འདོད་པའི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ཚབས་ཆེན་སྐྱེས། དེ་ཡིས་ལོ་དེའི་མཉམ་ལས་ཁང་གི་ཡོང་སྒོ་ཧྲིལ་པོ་མར་ཆག་ཏུ་བཅུག་པ་དང་། མཐའ་མར་ཁེ་སྤོགས་ཀྱང་ཚང་མར་མང་པོ་ཞིག་བགོ་མ་ཐུབ་ཅེས་ཚེ་དབང་རྡོ་འཛོམས་ཀྱིས་བཤད།
མཉམ་ལས་ཁང་གི་ཡོང་སྒོ་མར་ཆག་པས་སྡེ་མི་ཁ་ཤས་ལ་མཉམ་ལས་ཁང་ལས་ཕྱིར་འབུད་པའི་བསམ་པ་སྐྱེ་རུ་བཅུག ཚེ་དབང་རྡོ་འཛོམས་ཀྱི་སེམས་ལའང་འཚུབ་ཆ་ལངས། སྤྱིར་མཉམ་ལས་ཁང་གིས་ཚང་མར་ཡོང་སྒོ་སྔར་ལས་མང་པོ་ཐོབ་ཏུ་འཇུག་བསམ་པ་ཡིན། སེམས་སུ་མ་དྲན་པ་ཞིག་ལ་ད་ལྟ་མཉམ་ལས་ཁང་དེ་ཚང་མའི་མར་འཐེན་གྱི་རྒྱ་རྡོར་གྱུར། སྐབས་དེར་ཚེ་དབང་རྡོ་འཛོམས་དང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བློ་མཐུན་རྣམས་ཀྱིས་ཉིན་རྒྱུན་ཚོགས་འདུ་ཚོགས་ཏེ་བྱེད་ཐབས་ལེགས་པོ་གང་ཞིག་གིས་དཀའ་གནད་འདི་ཐག་གིས་གཅོད་པར་ཞིབ་འཇུག་བྱས།
ཡང་མིན་ན་ང་ཚོས་སྡེ་དམངས་ཚོགས་ཆེན་བསྡུས་ནས་ཚང་མའི་བསམ་ཕྱོགས་ལ་ཅིག་ཉན་ཞེས་པའི་སྡེ་བའི་ལས་བྱེད་པ་ཞིག་གི་སྐད་ཆས་ཚེ་དབང་རྡོ་འཛོམས་ཀྱི་བློ་སྒོ་ཕྱེས་སོང་། རེད། ཚང་མས་མཉམ་དུ་གྲོས་བསྡུར་བྱས་ན་གནད་དོན་ཐག་གིས་གཅོད་པའི་ཐབས་བཀོད་ཡོད་ངེས་ཞེས་ཚེ་དབང་རྡོ་འཛོམས་ཀྱིས་མྱུར་དུ་གྲ་སྒྲིག་བྱས་ཏེ། མགྱོགས་མོར་སྡེ་དམངས་ཚོགས་ཆེན་དུས་བཅད་ལྟར་བསྡུས། “གཡག་ཐུག་དང་ཁྲོམ་མང་པོ་ཉོ་དགོས”“འགན་མི་འཁུར་བའི་མི་ལ་ཆད་པ་གཅོད་དགོས”“ནོར་ལུག་ལ་འགན་འཁུར་བའི་མི་སྔར་ལས་མང་པོ་གླ་དགོས”ཞེས་ཚོགས་ཆེན་སྟེང་དུ་སྡེ་མི་རྣམས་ཀྱིས་རེ་རེ་བཞིན་བགྲོ་གླེང་བྱས་ཏེ་ཚེ་དབང་རྡོ་འཛོམས་ལ་དྲན་ཕྱོགས་གསར་པ་མང་པོ་འདོན་སྤྲོད་བྱས།
མཇུག་མཐར། ཚེ་དབང་རྡོ་འཛོམས་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་ཚོད་ལྟའི་ཚུལ་དུ་སྤེལ་ནས། གསོ་སྤེལ་ཕན་འབྲས་ལེགས་པོར་བྱ་དགའ་སྟེར་རྒྱུ་དང་གསོ་སྤེལ་ཕན་འབྲས་ངན་པར་ཆད་པ་གཅོད་རྒྱུ་ཐག་གིས་བཅད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བྱ་དགའ་དང་ཆད་གཅོད་ཀྱི་ཇུས་གཞི་ཞིབ་མོ་བཟོས་པ་དང་། ཇུས་གཞི་དེར་མཉམ་ལས་ཁང་གི་མ་རྐང་དུ་ཞུགས་པའི་འབྲོག་པ་རྣམས་མྱུར་མོར་འཐད་པ་བྱུང་ཞིང་རྒྱབ་སྐྱོར་བྱས། ལག་བསྟར་བྱས་མ་ཐག་པའི་སྐབས་སུ་འབྲོག་མི་རྣམས་ཀྱི་བརྩོན་སེམས་ཐད་གནོད་པ་ཐེབས་མིན་ལ་སེམས་ཁུར་བྱས་པ་ཡིན། འོན་ཀྱང་མཉམ་ལས་ཁང་གིས་བླངས་པའི་གྲུབ་འབྲས་ཀྱིས་ངའི་དོགས་པ་དེ་མྱུར་དུ་བསལ། 2019ལོར་ཚང་མར་བྱ་དགའ་བརྩོན་ལེན་བྱེད་འདོད་ཡོད་པ་དང་། མཉམ་ལས་ཁང་གི་བྱ་བར་སྤྲོ་བ་སྐྱེ་ཚད་ཀྱང་ཆེས་ཆེར་འཕར། ལོ་མཇུག་ཏུ་སླེབས་དུས། ང་ཚོའི་མཉམ་ལས་ཁང་གི་ཡོང་སྒོ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། བྱ་དགའ་དང་ཆད་གཅོད་ལམ་སྲོལ་གྱིས་ནུས་པ་ཆེན་པོ་ཐོན་སོང་ཞེས་ཚེ་དབང་རྡོ་འཛོམས་ཀྱིས་བཤད།
མཉམ་ལས་ཁང་དུ་ཞུགས་པ་ནི་མཐོ་སྒང་གི་རོང་འབྲོག་མང་ཚོགས་རྣམས་ཡོང་འཕར་ཕྱུག་འགྱུར་འབྱུང་བའི་ཆེས་སྤྱིར་བཏང་གི་བྱེད་ཐབས་ཤིག་ཡིན་མོད། འོན་ཀྱང་གྲངས་ཀ་མང་བས་ངོ་བོ་གཅིག་མཚུངས་ཅན་ཚབས་ཆེ་ཞིང་། སྲོག་ཤིང་གི་འགྲན་རྩོད་ནུས་པ་དྲག་པོ་མིན་པ་སོགས་ཀྱི་གནད་དོན་ཀྱང་འབྱུང་ཁོ་ཐག་ཡིན། དེའི་རྐྱེན་གྱིས་རང་རང་སོ་སོའི་མཉམ་ལས་ཁང་དང་འཚམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་རྒྱུ་ནི་གནད་འགག་ཡིན། མགོན་རོང་སྡེ་བའི་བྱ་དགའ་དང་ཆད་གཅོད་ལམ་སྲོལ་བསྟུད་མར་ལོ་གསུམ་ལ་བེད་སྤྱོད་བྱས་པས་མཉམ་ལས་ཁང་གི་ཡོང་སྒོ་ལོ་རེ་བཞིན་ཇེ་མང་དུ་ཕྱིན། ཁོ་ཚོས་སྡེ་མི་རྣམས་ཀྱི་རང་སྟོབས་ཀྱི་ནུས་པ་བསླངས་ནས་མཉམ་ལས་ཁང་དེ་འགྲན་ར་རུ་འགྱུར་དུ་བཅུག་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གྲོང་གསེབ་དར་སྤེལ་དང་མཉམ་དུ་སྤེལ་ནས། སྡེ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་རྨང་གཞི་བརྟན་པོ་བཏིངས།
ད་ལོ། ང་ཚོས་སྲིད་ཇུས་དང་མ་དངུལ་གྱིས་རོགས་སྐྱོར་བྱེད་པའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ཁྱད་ལྡན་མཉམ་ལས་ཁང་གི་མདུན་ལམ་ཇེ་ཡངས་སུ་གཏོང་དགོས་ན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ལྡན་གྱིས་སྦྲེལ་བར་རྩ་བ་ཚུགས་ཤིང་གྲུབ་འབྲས་སྨིན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྲི་འདུ་རྫོང་གྲོང་གསེབ་དར་སྤེལ་ཅུའུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་བདེ་ཆེན་གྱིས་དེ་ལྟར་བཤད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།