བཀྲ་ཤིས་དོན་གྲུབ་དང་འབྲོག་པ་རྣམས་ཀྱིས་མཉམ་དུ་གད་སྙིགས་འཐུ་བཞིན་པ།
བཀྲ་ཤིས་དོན་གྲུབ་ཀྱིས་ལོ་ངོ་བཅུ་དྲུག་ཉིན་གཅིག་ལྟར་གད་སྙིགས་འཐུ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་ཀྱིས་གསར་འགོད་པར་སེམས་འགུལ་ཐེབས་བྱུང་།
ད་ལྟ། རྫོང་གི་འགོ་ཁྲིད་ནས་རོང་འབྲོག་མང་ཚོགས་ཚང་མས་རང་རྟོགས་ངང་གཙང་འགྲམ་དང་རྩྭ་ཐང་། གཞུང་ལམ་འགྲམ་དུ་གད་སྙིགས་འཐུ་བར་བསྐྱོད་བཞིན་ཡོད་ལ། དེ་ནི་ང་ཚོའི"ཀྲུང་ཧྭའི་ཆུ་མཛོད"ལ་སྲུང་སྐྱོབ་ཡག་པོ་བྱེད་པའི་ཆེད་དུ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་མཚོ་སྔོན་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་བཤད་པའི་གཏམ་བཤད་ཀྱིས་ཚང་མའི་ཡིད་སེམས་བཀུག
— འདི་ནི་ལྗང་མདོག་གི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་འབྲེལ་བའི་གཏམ་རྒྱུད་ཅིག་རེད།
ཤ་བོ་སྒྲོལ་མའི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་སོག་རྫོང་རྩྭ་ཐང་གི་དཔེ་མཚོན་གྱི་སོག་རིགས་ཕོ་རྒོད་ཅིག་རེད། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཡུལ་ཚོ་རུ་སྐྱོད་པ་དང་། སོག་རྫོང་རྩྭ་ཐང་ནས་ལོ་ང་ལྔ་ལོན་པའི་བཀྲ་ཤིས་དོན་གྲུབ་མཐོང་སྐབས། ཁོའི་བབ་ཆགས་པའི་ངོ་གདོང་དུ་ནམ་ཡང་འཛུམ་མདངས་དང་ཤ་དྲེག་གིས་ཁེངས་པའི་ལག་པར་དྲོད་སྣང་དང་ནུས་ཤུགས་ལྡན་པའི་ཚོར་བ་སྦྱིན།
ལོ་ངོ་བཅུ་དྲུག་སྔོན་གྱི་དབྱར་ཁ་དེར། སྤྲོ་སེམས་རབ་ཏུ་འཁོལ་བའི་རྟ་རྒྱུག་འགྲན་བསྡུར་ཞིག་གི་རྗེས་སུ་རྩྭ་ཐང་དུ་གད་སྙིགས་མང་པོས་ཁེངས་ཡོད། བཀྲ་ཤིས་དོན་གྲུབ་ཀྱིས་དེ་དག་མཐོང་བས་སེམས་པ་སྐྱོ་བས་ཁེངས་ཤིང་། "གད་སྙིགས་ནི་རྩྭ་ཐང་སྟེང་གི་རྨ་ཤུལ་དང་འདྲ་བར་མིག་ལ་གཟན།"
བཀྲ་ཤིས་དོན་གྲུབ་ཀྱིས་གང་སར་གཏོར་བའི་གད་སྙིགས་ཉུང་ཙམ་བྱས་ནས་འཐུས་པ་དང་། གད་སྙིགས་ལྡུགས་སའི་ཁུག་མ་མེད་ཚེ་ཁོས་འཐུས་པའི་གད་སྙིགས་ལྭ་བའི་ཁུག་མའི་ནང་བཅུག་ལ། ཉིན་གསུམ་གྱི་རིང་ལ་གད་སྙིགས་འཐུས་པས་རྩྭ་ཐང་གི་མཛེས་ཉམས་སླར་ཡང་མངོན་བྱུང་།
དུས་དེ་ནས་བཟུང་རྩྭ་ཐང་གི་གནས་སོ་སོ་དང་ཆུ་བོའི་འགྲམ་ངོགས། གཞུང་ལམ་འགྲམ་རྒྱུད་དང་རྫོང་མཁར་གྱི་གྲོང་རྡལ་ཆུང་ངུ་བཅས་སུ་མི་རྣམས་ཀྱིས་བཀྲ་ཤིས་དོན་གྲུབ་ཀྱིས་གད་སྙིགས་འཐུ་བའི་གཟུགས་བརྙན་མཐོང་ཐུབ་ལ། ཁོས་ལོ་ངོ་བཅུ་དྲུག་གི་རིང་གད་སྙིགས་འཐུ་བའི་ལས་ལ་རྒྱུན་འཁྱོངས་བྱས།
གད་སྙིགས་འཐུ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ལས་སླ་མོ་ཞིག་མིན་ལ། དང་ཐོག་ཁོ་ལ་ངོ་རྒོལ་བྱེད་མཁན་ནི་རང་ཉིད་ཀྱི་བུ་ཚེ་རིང་རྣམ་རྒྱལ་ཡིན་ལ། ཚེ་རིང་རྣམ་རྒྱལ་གྱིས་མི་གཞན་གྱིས་རང་ཉིད་ཀྱི་ཨ་ཕར་བཀའ་བཀྱོན་དང་ཟུར་ཟ་བྱེད་པ་ཐོས་རྗེས། ཨ་ཕར་ཁ་ཏ་སློབ་གསོ་བྱས་ནས“ཁྱེད་རང་གད་སྙིགས་འཐུ་བར་མ་འགྲོ་རང་ཉིད་ཀྱི་གྱོན་གོས་བཙོག་པར་བཟོ་སྲིད་པ་མ་ཟད་ད་དུང་མི་གཞན་གྱིས་མཐོང་ཆུང་བྱེད་ཀྱིན་འདུག” ཅེས་བཤད།
བཀྲ་ཤིས་དོན་གྲུབ་ཀྱིས“དེ་ལྟར་བྱེད་དོན་ནི་ང་ཚོའི་མི་རབས་ནས་མི་རབས་བར་འཚོ་བ་རོལ་སའི་རྩྭ་ཐང་འདི་སྲུང་སྐྱོབ་བྱ་ཆེད་ཡིན་པས། གད་སྙིགས་འཐུ་བར་ངོ་ཚ་མི་དགོས”ཞེས་བུ་ལ་དེ་ལྟར་བཤད།
སོག་རྫོང་རྩྭ་ཐང་གནས་སའི་ཧི་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་པ་དང་། གནས་དེའི་ཆ་སྙོམས་མཚོ་འཕང་སྨི་སུམ་སྟོང་དྲུག་བརྒྱ་ཡིན་ལ། རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་པས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་ནི་སྨོས་མ་དགོས་པ་ཞིག་རེད།
2004ལོར། ཧི་ནན་རྫོང་གིས“འགྱིག་འགོག་བཀའ་རྒྱ”ཞིག་བསྒྲགས་ཏེ། རྫོང་ཡོངས་ཀྱིས་གཅིག་སྤྱོད་འགྱིག་ཤོག་ཁུག་མ་བཀོལ་བ་ནན་འགོག་བྱས་ཤིང་། “འགྱིག་འགོག་བཀའ་རྒྱ”དེ་རྫོང་ཡོངས་ནས་མུ་མཐུད་དུ་ཁྱབ་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་འཇགས་པར་བྱས་པ་དང་། བཀྲ་ཤིས་དོན་འགྲུབ་གྱི་རྒྱུན་འཁྱོངས་ཀྱང་རིམ་བཞིན་མི་རྣམས་ཀྱིས་ཤེས་རྟོགས་བྱུང་།
མི་སྔར་ལས་མང་པོ་ཞིག་རང་འགུལ་ངང་གད་སྙིགས་འཐུ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ཁྲོད་ཞུགས་ཤིང་། དེའི་ནང་དུ་བཀྲ་ཤིས་དོན་འགྲུབ་ཀྱི་བུ་ཚེ་རིང་རྣམ་རྒྱལ་དང་ལོ་རེ་ལྔ་ལ་སླེབས་པའི་རྒན་པོ་རྒྱ་རིག་ཀྱང་ཡོད།
རྒྱ་རིག་གིས་བཤད་རྒྱུར། “ང་ནི་བཀྲ་ཤིས་དོན་འགྲུབ་ཀྱི་རྒྱུན་འཁྱོངས་ཀྱིས་སེམས་འགུལ་ཐེབས་སུ་བཅུག་པས་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པ་ཡིན་ལ། གད་སྙིགས་མེད་པའི་རྩྭ་ཐང་ནི་སྔར་ལས་མཛེས་སྡུག་ལྡན་པ་དང་། ནོར་ལུག་གིས་གད་སྙིགས་ཟས་ཏེ་ཤི་བའི་དོན་ཡང་འབྱུང་མི་སྲིད་པས། ངེས་པར་དུ་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་དགོས”ཟེར།
2019ལོའི་ཟླ8པར། བཀྲ་ཤིས་དོན་འགྲུབ་ཀྱིས་གད་སྙིགས་འཐུ་བའི་རུ་ཁག་གི་མི་ཞེ་གཅིག་རྩ་འཛུགས་བྱས་ནས་སྲོལ་གསར་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཤིང་། ཁོ་རང་ཉིད་ཀྱིས་རུ་དཔོན་གྱི་འགན་འཁུར། ཁོ་ཚོའི་སྣེ་ཁྲིད་འོག་ཏུ་གད་སྙིགས་གང་སར་འཕེན་མཁན་ཇེ་ཉུང་དང་རང་འགུལ་གྱིས་གད་སྙིགས་འཐུ་མཁན་ཇེ་མང་དུ་ཕྱིན་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་དང་བླངས་ཞབས་ཞུ་རུ་ཁག་ཏུ་ཞུགས།
“ཀུན་གྱིས་འཐུ་བ་ནི་གཞན་གྱིས་འཕང་བའི་གད་སྙིགས་ཡིན་ལ། ཤུལ་དུ་ལུས་པ་ནི་མཛེས་ཤིང་གཙང་བའི་རྩྭ་ཐང་རེད། ཁོར་ཡུག་སྲུང་སྐྱོབ་དང་རྩྭ་ཐང་གཅེས་སྐྱོང་བྱེད་རྒྱུ་དེ་གནས་དེའི་མི་རྣམས་ཀྱི་རང་རྟོགས་ཀྱི་གོམས་གཤིས་ཤིག་ཏུ་གྱུར་ཡོད”ཅེས་མདོ་གསུམ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐང་ཅང་གིས་གསར་འགོད་པར་དེ་ལྟར་བཤད།
“འགྱིག་འགོག་བཀའ་རྒྱའི”རྨང་གཞིའི་སྟེང་། ཧི་ནན་རྫོང་གིས2016ལོར་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་ཐོག་མ་བསྐྲུན་པ་དང་། དེའི་རྗེས་ཟླ་རེའི་ཚེས13དང་ཚེས26ཉིན་ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ད་དུང་ཚོང་འགུགས་དངུལ་འདྲེན་བྱས་པ་བརྒྱུད་དྲོད་ཚད་མཐོ་བའི་གད་སྙིགས་ཐག་གཅོད་ལག་རྩལ་ནང་འདྲེན་བྱས་ཏེ། སྡེ་བ(སྡེ་ཁུལ)ནས་རིམ་པ་དང་པོས་གད་སྙིགས་བསྡུ་རུབ་དང་། ཡུལ་ཚོ(གྲོང་རྡལ)ནས་རིམ་པ་དང་པོས་བརྒྱུད་འདྲེན་བྱས་པ། རྫོང་ཐོག་ཏུ་གཅིག་བསྡུས་ཀྱིས་ལས་སྣོན་བྱེད་པའི་རྣམ་པ་ཆགས་པར་བྱས་པས། འཚོ་བའི་གད་སྙིགས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་ཚད་ཆེས་དམའ་ཤོས་སུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་བུ་གཞན་ཞིག་རིམ་བཞིན་གསར་དུ་བཏོད།
ཟླ་རེའི་ཚེས13དང་ཚེས16ཉིན། “ལྗང་མདོག་གི་གཟུགས་བརྙན”མང་པོ་ཞིག་ཧི་ནན་རྫོང་གི་རི་ཆུ་ལུང་གསུམ་དུ་ཁྱབ་ཅིང་། དམངས་ཡོངས“ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་ཉིན་མོའི”བྱེད་སྒོར་ཞུགས་པའི་བྱ་འགུལ་སྤེལ་ལ། ཚང་མས་ཁྱོད་དང་ང་ཡི་དབྱེ་བ་མི་འབྱེད་པར་གད་སྙིགས་གཙང་སེལ་བྱས་ནས་ཐུན་མོང་གིས་ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་བཞིན་ཡོད།
ཧི་ནན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཨིན་ཁི་ཡིས་བཤད་རྒྱུར། ཧི་ནན་རྫོང་གི་འཕེལ་རྒྱས་འདུ་ཤེས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བསམ་ཕྱོགས་རིགས་སྒྱུར་རིམ་སྤོར་བྱས་པ་དེས། དྭངས་གཙང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཧི་ནན་རྫོང་འཛུགས་སྐྲུན་གྱི་གོམ་སྟབས་ལ་སྣེ་ཁྲིད་བྱེད་བཞིན་ཡོད་པ་དང་། ཕྱུག་པོ་འགྱུར་བཞིན་ཡོད་པའི་མང་ཚོགས་ཚོས་གནམ་སྔོན་པོ་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་བྱ་རྒྱུ་སྔར་ལས་རང་རྟོགས་སུ་གྱུར་ཡོད་ཟེར།
འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ནས‘རྒྱལ་ཁབ་ཀྱི་དོན་ཆེན’སེམས་ལ་བཅངས་ཏེ། མདོ་དབུས་མཐོ་སྒང་གི་རི་དྭགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་མང་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱས་ནས། མདོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་ཆེན་པོ་བྱེད་དགོས”ཟེར།
སོག་རྫོང་རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏམ་རྒྱུད་ནི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོ་ཞིག་ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད། ད་ལྟ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་། མི་ཡིས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱས་ན། སྔོ་ལྗང་རི་ཆུས་ནམ་ཡང་མི་ལ་ཕན་པ་བསྐྲུན་པའི་གཏམ་རྒྱུད་རྒྱུན་ཆད་མེད་པར་ཐོན་པ་དང་། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་ངེས་ཡིན་པས། དེ་ནི་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སྔར་ལས་མང་པོའི་བློ་སྟོབས་དང་རང་རྟོགས་ཀྱི་འབད་བརྩོན་དང་འགུལ་སྐྱོད་དུ་གྱུར་ཡོད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་གཡང་ཕྱུག་སྒྲོལ་མ། ལྷ་མོ་འཚོ།