དཔྱིད་ཀར་སྒྲོག་འགྲེལ་ལས་ལ་བྲེལ། ། ཐོན་ལས་བརྟེན་ནས་དར་སྤེལ་བརྩོན། །
2023.03.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 10

“ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི”བྱ་འགུལ་མགོ་བརྩམས་པ་དང་བསྟུན་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་གཡམ་སྡེ་བའི་ཧྲུའུ་ཅི་དང་པོ་དབྱང་ཕའེ་ཧུང་དང་སྡེ་བའི“ཨུ་ལྷན་གཉིས”ཀྱིས་སྡེ་བའི་ནང་དུ“ཐོན་ལས་དར་སྤེལ་ལ་དམིགས་ཏེ་གོ་རེ་ཆུང་ངུས་ཐོན་ལས་ཆེན་པོ་བསྐྲུན་པ”བརྗོད་དོན་ཡིན་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུའི་གྲོས་ཐག་བཅད།

“སྒྲོག་འགྲེལ་ཁྲོད་ཕྱོགས་གཅིག་ནས་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་མགྱོགས་མྱུར་གྱིས་སྡེ་མི་ཚོར་བརྒྱུད་སྒྲོག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཚང་མ་མཉམ་དུ་འཛོམས་ཏེ་ཐབས་དང་བློ་གྲོས་གཅིག་ཏུ་བསྡུས་ནས། ལྕགས་སླང་གོ་རེ་སྟེ་སྡེ་བའི་གཙོ་ཁྲིད་ཐོན་ལས་འདི་ཇི་ལྟར་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཇུས་འགོད་བྱས་ཏེ། ཐོན་ལས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་དགོས”ཞེས་དབྱང་ཕའེ་ཧུང་གིས་བཤད་བྱུང་།

“ཧྲུའུ་ཅི་དབྱང་ལགས། ཁྱེད་ཀྱིས་སྐད་འཕྲིན་ནང་དུ་བརྡ་བཏང་མ་ཐག ཚང་མ་ཐོན་བྱུང་། ཚང་མས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་གྲོང་གསེབ་དར་སྤེལ་དང་ཞིང་པའི་ཡོང་འཕར་ཕྱུག་བསྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་པ་སོགས་དང་འབྲེལ་བའི་སྲིད་ཇུས་བཟང་པོར་རྒྱུས་ལོན་བྱེད་འདོད་པ་ཡིན་ལ། དེ་དག་ཀྱང་ང་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་རེད”ཅེས་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་སྒྲོག་འགྲེལ་བྱ་འགུལ་གྱི་ཡུལ་དངོས་སུ་ཏང་ཡོན་རྒན་པ་ལོ་བརྒྱ་ཡིས་དེ་ལྟར་བཤད་བྱུང་།

“ཚང་མ་བྲེལ་བ་མ་ལངས། ཁྱོད་ཚོས་སེམས་ཁུར་བྱེད་པའི་ནང་དོན་ངས་གཅིག་ཀྱང་མ་ལུས་པར་བཤད་ངེས། འུ་ཚོས་འདི་ལྟར་སྒྲོག་འགྲེལ་བྱེད་མགོ་རྩོམ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་ད་ལོར་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ཐད་ཕྱོགས་དགུ་ནས་བཀོད་སྒྲིག་བྱས་ཡོད་ལ། ནང་དོན་གཙོ་བོ་འདི་དག་ལ་འུ་ཚོས་ངེས་པར་དུ་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་དགོས།”སྒྲོག་འགྲེལ་མ་བྱས་པའི་སྔོན་དུ། དབྱང་ཕའེ་ཧུང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡང་དང་བསྐྱར་དུ་ཀློག་འདོན་བྱས་ཏེ་ནང་དོན་གཙོ་བོ་ཟིན་བྲིས་སུ་བཀོད་ཅིང་དག་སྒྲིག་བྱས།

ཁོས་མིད་པ་བསལ་རྗེས། མུ་མཐུད་དུ་སྐད་མཐོན་པོས་སྒྲོག་འགྲེལ་བྱེད་མགོ་བརྩམས།“རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་ལ། ཞིང་ལས་སྟོབས་ལྡན་དུ་གྱུར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ངེས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས་བསྟན་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་དགོས། དཔྱིད་ཀའི་རྨོ་འདེབས་བྱ་བ་ཅུང་མི་འགོར་བར་མགོ་རྩོམ་རྒྱུ་ཡིན་པས། སྡེ་སྡོད་ལས་བྱེད་རུ་ཁག་གིས་ཞིང་ལས་རྒྱུ་ཆས་མཁོ་སྤྲོད་སྡེ་ཁག་ལ་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ། ཚང་མར་སྔ་མོ་ནས་ས་བོན་དང་ལུད་རྫས། ཞིང་ལས་འགྱིག་ཤོག ཞིང་སྨན་སོགས་ཞིང་ཆས་གྲ་སྒྲིག་དང་མཁོ་སྤྲོད་བྱེད་རྒྱུ། ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་ནི་དམངས་ལ་དོན་དངོས་སྒྲུབ་པ་དང་དཀའ་ངལ་སེལ་ཕྱིར་ཡིན། ད་ལོར་ང་ཚོས་ཀྱང་མཚོ་ལྷོ་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་དང་མཐུན་སྦྱོར་བྱས་ཏེ། ཚང་མར་རིན་མེད་སྒོས་ལོག་དཀར་ས་བོན་སྤྱི་རྒྱ860སྟེར་རྒྱུ་ཡིན་པས། ཁྱོད་ཚོས་དུས་ཐོག་ཏུ་ས་བོན་དང་ལུད་རྫས་ཀྱི་དགོས་མཁོ་ང་ཚོར་བཤད་དགོས།”

“ཧྲུའུ་ཅི། དེ་ངོ་མ་བཟང་ཀི རྗེས་ཕྱོགས་གྲོང་གསེབ་དར་སྤེལ་ལ་ཇི་ལྟར་སྐུལ་འདེད་བྱེད་རྒྱུའི་སྐོར་དེ་ང་ཚོར་ཡང་བསྐྱར་ཤོད་དང”ཞེས་སྡེ་མི་ཚོའི་ངར་སེམས་ཇེ་ཆེར་གྱུར།

སྒྲོག་འགྲེལ་མཇུག་རྫོགས་རྗེས། དབྱང་ཕའེ་ཧུང་ལྕགས་སླང་གོ་རེ་སྲེག་མཁན་གྲོ་བཞིན་ལྷ་མོ་ཚང་ལ་སོང་ནས། མོའི་མིག་སྔར་གྱི་དཀའ་ཁག་ལ་ཉན་ཅིང་རང་ཉིད་ཀྱིས་མོར་རོགས་རམ་ཅི་ཞིག་བྱེད་ཐུབ་པ་སོགས་དྲིས།

“ཧྲུའུ་ཅི། དབུལ་ཐར་ཁྱིམ་ཚང་ཞིག་ལ་མཚོན་ན་ད་རུང་སྲིད་ཇུས་གང་ཞིག་རོལ་མྱོང་བྱེད་ཐུབ་བམ། འུ་ཚོའི་གོ་རེ་ཐོན་ལས་ཀྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལམ་བུ་དེ་གང་འདྲ་ཞིག་ལ་བསྐྱོད་དགོས་སམ ”ཞེས་གོ་རེ་ཐོན་ལས་ལ་བརྟེན་ནས་ཕྱུག་བསྒྱུར་ཡོང་འཕར་ལ་བརྩོན་པའི་དབུལ་ཐར་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་མོས་གནད་དོན་དེ་དག་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག

དབྱང་ཕའེ་ཧུང་གིས་བཤད་རྒྱུར།“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལྟར། ང་ཚོའི་མུ་མཐུད་དུ‘དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རུང་འགན་འཁྲི་དང་སྲིད་ཇུས། རོགས་སྐྱོར། ལྟ་སྐུལ་དོ་དམ་བཅས་མི་འདོར་བ་བཞི་ཡི ’སྲིད་ཇུས་དངོས་འབེབས་གང་ལེགས་བྱས་ཏེ། དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་ཀྱིས་སྲ་བརྟན་དུ་གཏོང་དགོས།”

“ཧྲུའུ་ཅི། མགྲོན་པོ་ཁ་ཤས་ཀྱིས་གོ་རེ་ལག་ཏུ་འབྱོར་རྗེས་གོ་རེ་སྐམ་ཞིང་བྲོ་བ་ཡང་འགྱུར་ཡོད་གི་ཟེར། འུ་ཚོས་གོ་རེ་ཉར་ཚགས་ཐད་ཐབས་བཀོད་ཞིག་འཐེན་དགོས།”

“དེ་ཏག་ཏག་ངས་ཁྱོད་ལ་བཤད་འདོད་པ་ཡིན། འུ་ཚོས་ན་ནིང་ལོ་མཇུག་ལ་ཉོས་པའི་འཁྱག་འཁོར་དེ་ད་ལྟ་བེད་སྤྱོད་བྱེད་ཀྱིན་ཡོད་ལ། ཁྲི་ཀ་རྫོང་མཁར་དུ་གོ་རེ་རིན་མེད་ངང་སྐྱེལ་ཐུབ་པས། དེས་གོ་རེ་ཉར་ཚགས་ལེགས་པོ་བྱེད་ཐུབ། དེར་མ་ཟད། གལ་ཏེ་མངགས་ཐོ་མང་ཚེ། ད་དུང་གཅིག་གྱུར་སྒོས་ཟི་ལིང་དང་ཧོང་ཀྲུང་། ཧོང་ཡོན་སོགས་ས་ཁུལ་དུ་སྡེབ་སྐྱེལ་བྱེད་ཐུབ་པ་དང་། ཕྱིར་འཚོང་གི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་བཏང་ནས། གཡམ་སྡེ་བའི་ལྕགས་སླང་གོ་རེའི‘ཚོང་རྟགས་འདི’མིང་དུ་གྲགས་སུ་འཇུག་དགོས།”

“ཧྲུའུ་ཅི། ངས་གོ་ཐོས་ལྟར་ན་ད་ལོར་རྫོང་ཐོག་ཏུ་ཚོང་ཁང་ཞིག་ཕྱེ་རྒྱུ་རེད་ཟེར། ང་དེར་སོང་ན་ཆོག་གམ།”

“ལོས་ཆོག ཚོང་ཁང་གསར་པ་ཕྱེ་བའི་ཐོག་མའི་དམིགས་འདུན་ནི་ཚོང་ལམ་རྒྱ་བསྐྱེད་དེ། ཚང་མའི་ཡོང་སྒོ་འཕར་ཞིང་ཕྱུག་པོར་འགྱུར་དུ་འཇུག་རྒྱུ་དེ་ཡིན། དེའི་ཁྲོད་ཞུགས་ཆོག་པ་ནི་ཁྱོད་རང་གཅིག་པུ་མ་ཡིན་པར། འུ་ཚོ་སྡེ་བའི་དབུལ་ཐར་ཁྱིམ་ཚང་ཡོངས་སྡེ་བའི་གོ་རེ་ཐོན་ལས་ཁྲོད་ཞུགས་ཆོག ད་ལྟ་སྲིད་ཇུས་འདི་འདྲ་བཟང་བས། ཁྱོད་ཚོས་རང་ནུས་གང་ཡོད་ཀྱིས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གཏོང་དགོས།”

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།