“ནུས་ཤུགས་གསར་པ”གོང་བུར་བསྒྲིལ་ཏེ་ཡང་བསྐྱར་ལམ་ལ་ཆས།
2023.03.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 12

“འདིའི་ཐིག་རྩ་འདི་ལྟར་བྲིས་ན་ད་གཟོད་ཡག་པོ་ཞིག་འབྲི་ཐུབ།”རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ། འགན་འཁུར་པ་བན་དེ་རྒྱ་མཚོ་སློབ་མ་མང་པོས་བསྐོར་འདུག་ལ། ཁོས་པིར་སྨྱུག་ཐོགས་ཏེ་ཚོན་རྐོང་ལས་ཚོན་རྩི་ཉུང་ཙམ་བླངས་པ་དང་། བྱང་ཆ་ལྡན་པའི་སྒོ་ནས་ཐང་ཀའི་རས་གཞིའི་ངོར་ཚོས་ཞུགས་ཏེ། སློབ་མ་ཚོར་རི་མོ་འབྲི་སྐབས་ཀྱི་ཞིབ་ཆ་དང་གནད་གཙོ་བོ་ནན་ཏན་སྒོས་འགྲེལ་བཤད་བྱས།

ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་ཞོལ་མ་སྡེ་བ་རུ་ཡོད་པའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི“སྒྱུ་རྩལ་གླིང་དང་། ཞིང་ཁྱིམ། རྟེན་གཞི”ཡི་ལས་གཉེར་བྱེད་སྟངས་སྤྱོད་ཅིང་། ཇུས་འགོད་དང་ལས་སྣོན། ཐོན་སྐྱེད། ཕྱིར་འཚོང་། གསོ་སྦྱོང་། དྲིལ་སྒྲོག འགྲེམས་སྟོན་བཅས་གཞི་གཅིག་ཅན་གྱི་དམངས་གཉེར་ཁེ་ལས་ཤིག་ཡིན་ལ། རྒྱལ་ཁབ་རིག་གནས་དང་གནས་སྐོར་པུའུ་ཡིས་སྐོར་དང་པོར་མིང་བཏགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དབུལ་སྐྱོར་ལས་ཞུགས་ཀྱི་བཟོ་ཁང་ཞིག་ཀྱང་ཡིན།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་པ་སོགས་ཀྱིས་ལོ་ངོ་བཅུའི་རིང་ལ་སེམས་ཤུགས་ཅི་ནུས་བཏོན་མཐར། བན་དེ་རྒྱ་མཚོར་ཡང་དང་བསྐྱར་དུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ། རིམ་བཞིན་འཕེལ་རྒྱས་སོང་བ་དང་བསྟུན། སྒྱུ་རྩལ་གླིང་གིས་སྒོ་ཡངས་པོར་ཕྱེས་སྟེ་སློབ་མ་མང་པོ་བསྡུས་པ་དང་། དབུལ་སྐྱོར་རོགས་རམ་བྱས་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཞོར་དུ། རེབ་གོང་སྒྱུ་རྩལ་གྱི་རིག་གནས་ནོར་མཆོག་འདིར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྤྱོད་པ་ཡག་ཅིང་ལག་རྩལ་བཟང་བའི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས།

“སྤྱིར་བཏང་གི་ལྷ་རིས་པ་ཞིག་ནས་ཁེ་ལས་ཀྱི་རྐང་འཛིན་པར་གྱུར་པར་མ་ཟད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ང་ཚོའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ནར་སོན་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་པའི་ཆ་ནས། ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱི་གལ་ཆེའི་རང་བཞིན་གསལ་བོར་རྟོགས་ཡོད་ལ། ང་ཡང་རང་གི་འདོད་མོས་ལྟར་གྲ་སྒྲིག་ཏང་ཡོན་ཞིག་ཏུ་གྱུར་ཅིང་། ‘ཏང་ལ་བློ་དཀར་ཞིང་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི’དད་སེམས་སྔར་ལས་བརྟན་པོ་ལྡན་པ་ཞིག་ཏུའང་གྱུར་ཡོད”ཅེས་སྒྱུ་རྩལ་གླིང་གི་མ་འོངས་པའི་འཕེལ་རྒྱས་གླེང་བ་ན་བན་དེ་རྒྱ་མཚོས་དེ་ལྟར་བཤད་བྱུང་།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་མཇུག་བསྒྲིལ་རྗེས། བན་དེ་རྒྱ་མཚོས་ཏང་ཡོན་ལྷ་རིས་པ་དང་སློབ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཉམ་དུ་ཚོགས་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱས་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག ཏང་གི་འཛུགས་སྐྲུན་བྱ་བ་སྒྱུ་རྩལ་གླིང་གི་ཉིན་རྒྱུན་གྱི་ལས་གཉེར་དང་ལས་སྒོ་རྒྱ་བསྐྱེད་པ། དེ་མིན་ནང་ཁུལ་གྱི་དོ་དམ་ཁྲོད་འདྲེས་སུ་བཅུག་ནས། ཁེ་ལས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་བྱ་བ་གཉིས་མཉམ་དུ་གོང་འཕེལ་གཏོང་དགོས་ཟེར།

ཁོ་རང་གདན་ཞུ་ལྟར་ཐུན་རིན་གྲོང་ཁྱེར་གྱི་ཉ་ལུང་སྡེ་བར་སོང་ནས། སྡེ་མི་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། ཚང་མར་ཚོགས་ཆེན་གྱི་དགོངས་དོན་རྒྱུས་ལོན་དང་གོ་བ་ཟབ་མོ་ལེན་དུ་བཅུག དེ་དང་ཆབས་ཅིག་ཏུ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་བསྟུན་ནས། ཁོས་འདུན་པ་ཡོད་པའི་སྡེ་མི་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་དེའི་ཐོན་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་དཔུང་སྡེ་ཁྲོད་དུ་ཞུགས་པར་ཧུར་ཐག་གིས་སྐུལ་སློང་བྱས། བན་དེ་རྒྱ་མཚོས་ཐེངས་འདིའི་སྒྲོག་འགྲེལ་གྱི་དོན་དུ་སྙན་ཞུའི་ནང་དོན་ལ་ཡང་དང་བསྐྱར་དུ་བལྟས་ཤིང་ཉན་པར་མ་ཟད། སྒྱུ་རྩལ་གླིང་གི་ཏང་ཡོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྙན་ཞུར་དམིགས་ནས་བགྲོ་གླེང་བྱས་ཤིང་སྔ་མོ་ནས་སློབ་སྦྱོང་ལེགས་པོ་བྱས་པ་རེད།

ཐུན་རིན་གྲོང་ཁྱེར་རོང་བོ་ནུབ་རིའི་ཕུགས་ན་ཆགས་པའི་ཉ་ལུང་སྡེ་བར་མཚོན་ནས་བཤད་ན། ཐེངས་འདིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་ནི་མི་ལ་ངར་སེམས་བསྐྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ང་ཚོར་རླབས་ཆེན་གྱི་འཆར་འགོད་ཅི་ལྟ་བུ་ཞིག་བྱས་ཡོད་དམ།” “ང་ཚོ་རྗེས་ཕྱོགས་ཇི་ལྟར་འགྲོ་དགོས་སམ།” “ལམ་ཅི་ལྟ་བུ་ཞིག་ཏུ་འགྲོ་དགོས་སམ།” སྡེ་བའི་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ་ཉ་ལུང་སྡེ་བ་དང་དེའི་ཉེ་འཁོར་གྱི་ཨེ་ལེ་སྡེ་བ། སྙིང་ལོ་སྡེ་བ། ཨ་ཉིན་སྡེ་བ་བཅས་སྡེ་བ4ཡི་ལས་བྱེད་པ་དང་མང་ཚོགས260ལྷག་འཚོགས་འདུག ཁྲིད་སྟེགས་སྟེང་གི་བན་དེ་རྒྱ་མཚོས་ངོ་མཚར་ལ་ཕུན་སུམ་ཚོགས་པའི་སྒོ་ནས་སྒྲོག་འགྲེལ་བྱས་པས། ཁྲིད་སྟེགས་འདབས་ཀྱི་སྡེ་མི་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པའམ་ཡང་ན་འཐད་པའི་ཚུལ་ལ་མགོ་བོ་ནང་དུ་ལྡེམ་ལྡེམ་བྱས་པ་དང་། སྐབས་རེར་ཡར་ལངས་ཏེ་སེམས་ཀྱི་དོགས་གཞི་བཏོན་ནས་ཚ་ཚ་འུར་འུར་ངང་བགྲོ་གླེང་བྱས།

“གལ་ཏེ་ལོ་འདི་འགའི་འགྱུར་ལྡོག་གླེང་ན། འདིར་སྡོད་པའི་སྡེ་མི་རྣམས་དངོས་སུ་བརྒྱུད་མྱོང་མཁན་དང་མཐོང་མྱོང་མཁན་ཡིན་ལ། རྗེས་ཕྱོགས་ཏང་གི་རྗེས་སུ་འབྲངས་ན་ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད”ཅེས་བན་དེ་རྒྱ་མཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་བརྗོད་དོན་ལ་དམ་པོར་སྦྲེལ་ནས། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ཉམས་མྱོང་ལ་བརྟེན་ནས་རྨ་ལྷོ་ཁུལ་གྱི་ལོ་ངོ་བཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཞིབ་རྩིས་ཤིག་བརྒྱབ་པ་དང་། བབ་ཆགས་ལ་གསོན་ཉམས་ལྡན་པའི་སྐད་ཆས་ཚོགས་རར་ཡོད་པའི་སྡེ་མི་རྣམས་ཀྱི་ཡིད་སེམས་ཅིག་ཅར་དུ་བཀུགས་ཤིང་། བརྩེ་བ་ཟབ་པའི་སྒྲོག་འགྲེལ་གྱིས་སྡེ་མི་རྣམས་ལ་སྐུལ་ལྕག་གང་ལེགས་ཐེབས།

“རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁྲོད་དུ། སྒྱུ་རྩལ་གླིང་གིས་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཡོན་གྱིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པར་སྣེ་ཁྲིད་པ། ཁེ་ལས་ཀྱིས་དམངས་སེམས་ཡིད་ལ་བཅངས་པ། ལྷ་རིས་པས་ཐུན་མིན་གྱི་ཡོན་ཏན་ཡིད་ལ་དམ་པོར་བཅངས་པ། ‘དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་དེ་རྒྱུན་འཛིན་པར་སྐུལ་འདེད་དང་རྒྱུན་བཟུང་བར་བརྟེན་ནས་སྣེ་ཁྲིད་ལ་རམ་འདེགས་བྱས་ཏེ་མཉམ་དུ་ནར་སོན་པ’རྒྱུན་འཁྱོངས་བྱེད་པ། འཇོན་མི་གསར་པ་དང་ལག་རྩལ་གསར་པ་སྡུད་ལེན་བྱེད་པ་བཅས་བརྒྱུད་དེ། ཐང་ཀའི་ལག་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བྱ་རྒྱུ་དང་། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། འཇོན་མིའི་ལེགས་ཆ་བཅས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་གཙོ་བོར་བསྒྱུར་བའི་ཁར། ཁེ་ལས་འཕེལ་རྒྱས་གཏོང་བར་ཏང་གི་འཛུགས་སྐྲུན་གྱི་སྒུལ་ཤུགས་བསྣན་ནས། ཏང་གི་འཛུགས་སྐྲུན་དང་ཁེ་ལས་འཕེལ་རྒྱས་གཉིས་མཉམ་འདྲེས་མཉམ་སྐུལ་དང་ཕྱོགས་གཉིས་ལ་ནུས་པ་འདོན་པར་སྐུལ་འདེད་བྱ་རྒྱུ་ཡིན”ཞེས་བན་དེ་རྒྱ་མཚོས་བློ་རྩ་བརྟན་པོའི་ངང་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།