བྱ་བ་ལེགས་པོར་སྒྲུབ་ནས་འཚོ་བ་སྐྱིད་པོ་རོལ།
2023.03.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མ་ཁྲུན་ཆིང་གཞུང་སྒྲུབ་ཁང་ནས་ཕྱིར་བུད་དེ། འགྲོ། ང་ཚོ་དང་མཉམ་དུ་སྡེ་བའི་འབྲོག་ཁྱིམ་ལ་བལྟ་རུ་འགྲོ་ཞེས་རླངས་འཁོར་བསྐོར་ནས་གསར་འགོད་པ་དང་སྣེ་འབྲེལ་ལས་བྱེད་པ་ཁྲིད་དེ་ཞིང་ཆེན་གྱི་གཞུང་ལམ302བརྒྱུད་ནས་སྡེ་མིའི་ཁྱིམ་དུ་སོང་། མ་ཁྲུན་ཆིང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་འགྲམ་ནག་སྡེ་བའི་སྡེ་སྡོད་ཧྲུའུ་ཅུ་དང་པོ་ཡིན་ལ།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་། ལས་བྱེད་པ་ཁྲི་གཅིག་དང་སྟོང་གསུམ་ལྷག་སྔ་རྗེས་སུ་གཞི་རིམ་གྱི་སྡེ་བ་རེ་རེར་སོང་ཞིང་། ཁོ་ནི་དེའི་ཁྲོད་ཀྱི་གཅིག་རེད།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་ལེགས་པོ་བྱེད་རྒྱུ་ནི་སྡེ་སྡོད་ལས་བྱེད་རུ་ཁག་རེ་རེའི་འགན་འཁྲི་དང་འོས་འགན་རེད། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཇི་མ་ཇི་བཞིན་གཞི་རིམ་དུ་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་མཇུག་མཐའི་སྤྱི་ལེ་གཅིག་གི་བྱ་བའི་ཁྲོད་དངོས་འབེབས་བྱེད་དགོས་ལ། མང་ཚོགས་ཀྱི་སེམས་སུ་འཇགས་པ་བཅས་བྱེད་དགོས།  ཉིན་འགའི་སྔོན་ལ་སྡེ་བའི་ནང་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་ཚོགས་འདུ་ཚོགས་མོད། འོན་ཀྱང་སྐབས་དེར་མང་ཚོགས་ཁ་ཤས་ཤིག་གི་དགོས་མཁོ་མ་གཏོགས་རྒྱུས་ལོན་མ་ཐུབ་པས། ཁྱིམ་ཚང་ལྷག་མ་དག་ལ་ད་དུང་རེ་རེ་བཞིན་འགྲོ་དགོས།     དེ་ལྟར་བྱས་ན་ད་གཟོད་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དེ་མང་ཚོགས་ཀྱི་སེམས་ལ་འཇོག་ཐུབ།

ཞིང་གསུམ་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། ལོ་རེ་རེར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྤེལ་དོན་ནི་རོང་འབྲོག་ཁུལ་འཕེལ་རྒྱས་གཏོང་ཆེད་ཡིན་པས། ང་ཚོས་ངེས་པར་དུ་གོ་སྐབས་བཟང་པོ་འདི་དམ་འཛིན་བྱེད་དགོས་ཞེས་མ་ཁྲུན་ཆིང་སྡེ་མི་བསོད་ནམས་བསྟན་འཛིན་ཚང་ལ་སོང་ནས་ཐད་ཀར་དེ་ལྟར་བཤད་ལ། ནོར་དང་རྩྭ་ས་ཡོད་པའི་བསོད་ནམས་བསྟན་འཛིན་ལ་རྣམ་པ་གསར་པའི་ཕྱུགས་ལས་གཉེར་ཕྱོགས་ཚོད་ལྟ་དང་། ཐབས་ལམ་མང་པོའི་ཐོག་ནས་ཡོང་སྒོ་ཇེ་མང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

འོ་ཇ་དཀར་ཡོལ་གང་འཐུང་ཚར་བའི་མོད་ལ། མ་ཁྲུན་ཆིང་གིས་ཡིག་ཆ་ཨང་དང་པོའི་ནང་དོན་རེ་རེ་ཁ་གསལ་གོ་བདེའི་ངང་བཤད་པས། བསོད་ནམས་བསྟན་འཛིན་ཚང་གི་བཟའ་མི་གང་བོས་ནན་ཏན་གྱིས་ཉན་འདུག

བསོད་ནམས་བསྟན་འཛིན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཉིན་འདི་འགར་ངས་ལག་འཁྱེར་ཁ་པར་སྟེང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་མཐོང་མོད། འོན་ཀྱང་ནང་དོན་མང་པོ་ཞིག་གསལ་པོར་རྟོགས་མེད། མ་ཧྲུའུ་ཅི་ཡིས་དེ་ལྟར་སྒྲོག་འགྲེལ་བྱས་པས་ད་གཟོད་སེམས་སུ་གདེང་ཚོད་ཡོད་པ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་ལམ་གང་ཞིག་ཏུ་ཇི་ལྟར་བསྐྱོད་པར་འཆར་འགོད་གསལ་པོ་བྱས་ཡོད་པས།ངེས་པར་དུ་བྱ་བ་ལེགས་པོར་བསྒྲུབ་དགོས་ཟེར།

འགྲམ་ནག་སྡེ་བ་ནི་ཞིང་ཆེན་གྱི་གཞུང་ལམ302ཀྱི་རྒྱུད་དུ་ཆགས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བ་ཞིག་རེད།  ལོ་འདི་འགར་སྡེ་བའི་ནང་གི་གཞུང་ལམ་གཙོ་བོ་དག་ཞིག་གསོ་བྱས་པས་མང་ཚོགས་ཕྱིར་བགྲོད་པར་སྟབས་བདེ་གང་ལེགས་བསྐྲུན། རླངས་འཁོར་ཆུང་ཆུང་ངོས་སྙོམས་པའི་སྡེ་བའི་ལམ་དུ་སྐྱོད་སྐབས། འགྲམ་ནག་སྡེ་བའི་སྣེ་འབྲེལ་ལས་བྱེད་པའམ་ཨ་རིག་ཡུལ་ཚོའི་ཡུལ་གཙོ་གཞོན་པ་ཀྲོའུ་ཝེ་ཞིན་གྱིས་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ནས་དགའ་སྣང་ཞིག་སྐྱེས་འདུག

ཏང་གི་སྲིད་ཇུས་ངོ་མ་བཟང་གི མིག་མདུན་གྱི་སྲ་འགྱུར་ལམ་འདི་ནི་གྲོང་གསེབ་དར་སྤེལ་སྲིད་ཇུས་ཀྱི་འབྲེལ་ཡོད་ལས་གཞི་ལ་བརྟེན་ནས་བསྐྲུན་པ་རེད་ཅེས་བཤད་མ་ཐག མ་ཁྲུན་ཆིང་གིས་དེར་མཐུད་ནས་བཤད་རྒྱུར། ན་ནིང་གི་ཟླ་བདུན་པར་ཁོ་རང་འགྲམ་ནག་སྡེ་བར་སྡེ་སྡོད་བྱེད་དུ་ཡོང་སྐབས་ལམ་འདི་ངོས་མི་སྙོམས་པས་འགྲོ་མི་བདེ་བ་ཞིག་རེད་ཟེར།

འགྲམ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མིང་གིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། ལམ་བདེ་བས་རླངས་འཁོར་ཡང་ཇེ་མང་དུ་སོང་ཡོད།  ད་ལྟ་འབྲོག་པའི་ཁྱིམ་ཚང་རེ་ལ་རླངས་འཁོར་རེ་ཡོད་པ་རེད། སྔོན་ཆད་རུ་སྤོར་དུས་འབྲི་གཡག་ལ་ཁལ་བཀལ་ནས་འགྲོ་དགོས། རླངས་འཁོར་ཡོད་པ་ནས་རུ་སྤོར་དུས་དངོས་པོ་རྣམས་རླངས་འཁོར་ནང་བཞག་ཆོག་པས་མགྱོགས་ལ་སྟབས་བདེ་བ་ཞིག་ཟེར།

ཏང་ཡོན་རྒན་པ་རྒྱ་ཐོ་ཚང་ལ་སོང་བ་ན། ལོ་ང་བརྒྱད་ཡིན་པའི་རྒན་པོ་རྒྱ་ཐོ་ཡིས་ཀ་ར་དང་སྣུམ་བཙོས་གོ་རེ་འཁྱེར་ཡོང་ནས། སྤྲོ་སེམས་ཆེན་པོས་ཚང་མར་སྣེ་ལེན་བྱས།  ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བླང་བྱ་ལྟར། ང་ཚོས་རྗེས་ཕྱོགས་བདེ་སྡོད་ལས་ཞུགས་ལ་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ལ། ཏང་ཡོན་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་དུ་བསྒྲུབ་དགོས་ཞེས་རྒན་པོ་རྒྱ་ཐོ་ཚང་གི་འགྲུལ་ཁང་དུ་བསྡད་པའི་མ་ཁྲུན་ཆིང་དགོད་ཞོར་དུ་ཁོ་རང་ཡོང་བའི་དམིགས་ཡུལ་བཤད་བྱུང་།

མ་ཁྲུན་ཆིང་གིས་མུ་མཐུད་དུ།  ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས་བསྟན་དོན། རྩྭ་ཐང་ཕྱུགས་ལས་རིགས་བརྗེ་རིམ་སྤར་ལ་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ་དང་། རྩྭ་སའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་གཏོང་དགོས་ལ། ས་ཁུལ་བགོས་ནས་ཕྱུགས་འཚོ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། འགྲམ་ནག་སྡེ་བས་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་བགོས་པ་དང་། དབྱར་དགུན་གྱི་དུས་སུ་རྩྭ་ས་མི་འདྲ་བར་གཞིགས་ནས་ཕྱུགས་འཚོ་རེས་བྱེད་དགོས། དེའི་རྗེས་སུ་ང་ཚོས་མུ་མཐུད་དུ་རྩྭ་ཕྱུགས་དོ་མཉམ་ཡོང་བའི་བྱ་བ་ལེགས་པོར་བསྒྲུབ་སྟེ། རྩྭ་ས་རྒྱུན་མཐུད་ངང་འབྲོག་པས་ལུགས་མཐུན་སྒོས་བེད་སྤྱོད་པར་ཁག་ཐེག་བྱེད་དགོས་ཞེས་བཤད།

སྡེ་བའི་ཨུ་ལྷན་གཉིས་ཀྱི་བློ་སེམས་བདེ་མོ་བྱོས་དང་། ང་རང་ཏང་ཡོན་ཞིག་ཡིན་པས་སྣེ་ལེགས་པོ་ཁྲིད་དེ་རང་ཁྱིམ་གྱི་ནོར་ལུག་ལ་བདག་སྐྱོང་བཟང་པོ་བྱེད་པ་དང་། ཕྱུགས་འཚོ་སྐྱོང་གི་བླང་བྱ་ནན་མོ་ལྟར་ཕྱུགས་འཚོ་རྒྱུ་ཡིན་ཞེས་རྒན་པོ་རྒྱ་ཐོ་དགོད་ཞོར་དུ་དེ་ལྟར་བཤད། ལོ་འདི་འགར་རྩྭ་སྐྱེས་པ་ཧ་ཅང་བཟང་ལ། ལྷག་པར་དུ་ཚན་རིག་ལ་བརྟེན་ནས་གསོ་སྤེལ་ཁྱབ་གདལ་དུ་བཏང་བ་བརྒྱུད། འབྲོག་པའི་ཡོང་འབབ་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བར་མ་ཟད། ཚང་མས་རྩྭ་ཕྱུགས་དོ་མཉམ་གྱི་ཁེ་བཟང་རེག་པ་དང་། རྩྭ་ཐང་ལའང་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་སོང་།

ད་ལོ་ལོ་ན་སོ་བརྒྱད་ཡིན་པའི་ཚེ་རིང་སྐྱིད་ཀྱི་ཁྱིམ་དུ་སོང་བ་ན། ངའི་ཁྱིམ་དུ་ང་དང་སློབ་ཆུང་འགྲིམ་བཞིན་པའི་བུ་མོ་གཉིས་ལས་མེད། ངེད་ཚང་ལ་ནོར་ལུག་མེད་ལ་རྩྭ་ས་ཡང་མེད་པས། འཚོ་བར་དཀའ་ཁག་ཆེན་པོ་ཡོད་ཅེས་མོས་མགྲིན་པ་རྣང་བཞིན་དུ་རང་ཉིད་ཀྱི་དཀའ་ཁག་གླེང་བྱུང་།

ཁྱོད་བྲེལ་བ་མ་ལངས། ང་ཚོ་ཕྱིར་ལོག་རྗེས་ཁྱོད་ལ་གནས་སྐབས་རོགས་སྐྱོབ་ཞིག་རེ་ཞུ་བྱས་ནས་མིག་མདུན་གྱི་དཀའ་ཁག་བསལ་རོགས་བྱེད་ངེས། མ་ཁྲུན་ཆིང་དང་ཧའེ་མིང་གཉིས་ཀྱིས་ཁྱིམ་ཚང་རེ་རེར་སྒྲོག་འགྲེལ་བྱེད་པའི་གོ་རིམ་ཁྲོད་དུ། མང་ཚོགས་ཀྱི་དཀའ་ཁག་དང་རེ་འདུན་ལ་རྒྱུས་ལོན་བྱེད་རྒྱུའང་བརྗེད་མེད། ཚེ་རིང་སྐྱིད་ཚང་གི་ཁྱིམ་གྱི་གནས་ཚུལ་ལ་གཞིགས་ཏེ་མ་ཁྲུན་ཆིང་གིས་ལས་ཞུགས་ཅུའུ་ལ་སྙན་ཞུ་བྱེད་རྒྱུའི་གྲ་སྒྲིག་བྱས་པ་དང་། ལས་ཞུགས་ཅུའུ་ཡིས་རྫོང་མཁར་དུ་མོར་འོས་འཚམ་གྱི་ལས་གནས་ཤིག་མཁོ་སྤྲོད་བྱ་རྒྱུའི་རེ་བ་བཅངས་འདུག

ཡུལ་སྐོར་དུས་ཚིགས་སླེབ་ལ་ཉེ་བས། ངས་འུ་ཚོ་སྡེ་བའི་འབྲོག་པའི་སྤྲོ་སྐྱིད་ཁང་ལ་འབྲེལ་བ་བྱས་ནས། ཁྱོད་ལ་ཞབས་ཞུ་པའི་ལས་གནས་ཤིག་མཁོ་སྤྲོད་བྱེད་ཐུབ་པ་ཁོ་ཐག་ཡིན་ཞེས་པའི་ཧའེ་མིང་གི་སྐད་ཆ་དེས་ཚེ་རིང་སྐྱིད་ཀྱི་གདོང་ལ་སླར་ཡང་འཛུམ་གྱིས་ཁེངས་པ་དང་། མོས་བཤད་རྒྱུར། ཏང་གི་སྲིད་ཇུས་འདི་འདྲ་བཟང་བས་ངས་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་ཡིད་ཆེས་ཡོད་ཅེས་ཟེར།

ཕྱིར་ལོག་པའི་ལམ་བར་དུ་བདེ་སྡོད་ལས་ཞུགས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ཞེས་པའི་སྐོར་ནས་གྲོས་བསྡུར་བྱེད་སྐབས། མ་ཁྲུན་ཆིང་དང་ཧའེ་མིང་གཉིས་ལ་ཡིད་ཆེས་ཀྱིས་ཁེངས་འདུག

                                                                                            རྩོམ་སྒྲིག་པ། གཡང་འབུམ་རྒྱལ།