རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་དྲོ་འཇམ་གྱི་དཔྱིད་རླུང་བཞིན་ལྡང་སྟེ། རྒྱལ་ཐང་རྩྭ་ཐང་ལ་དཔྱིད་ཀྱི་དྲོད་སྣང་བསུས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་སྡེ་ཁག་སོ་སོར་མཚོན་ན། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ཁྲོད་ནན་གྱིས་བསྟན་པའི“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་དེ་དོ་ཁུར་བྱེད་སའི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ཁྲི་འདུ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བལྟས་ན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ནི་སྟོབས་དང་ལྡན་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པའང་སྨྲ་མི་དགོས་པར་འདུག
འབྲི་ཆུའི་འགྲམ་བརྒྱུད་དེད་ནས་སོང་བ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོའི་ལྷ་སའི་ཐང་སྡེ་བ་ཞེས་པའི་གནའ་བོའི་རི་སྡེ་དེར་ཐོན་ཐུབ།
ལྷ་སའི་ཐང་སྡེ་བ་རུ་ཡུལ་ཚོ་སྲིད་གཞུང་ཆགས་སར་ཡོད་ལ། ས་གནས་རང་དུ་སྙན་གྲགས་ཅུང་ཟད་ཆེ་བས།“ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས”དང་། “སྐྱེ་ཁམས་ཁོར་སྲུང་གི་ཡུལ་གྲོང་།” “ཀྲུང་གོའི་ཆེས་མཛེས་པའི་དམངས་སྲོལ་གནའ་གྲོང་།” “ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ”སོགས་ཀྱི་འབོད་སྟངས་སྣ་ཚོགས་ཤིག་མཆིས།
ལྷ་སའི་ཐང་སྡེ་བ་ནི་མཐོ་སྒང་གི་ཁམས་པའི་གནའ་སྡེ་འཁྲུལ་མེད་ཅིག་ཡིན་ལ། ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་བྱ་བའང“གནའ་བོའི་བཟོ་ལུགས་ལྟར་ཞིག་གསོ”བྱས་པ་དང་། “རང་བྱུང་དང་ལོ་རྒྱུས་དང་རིག་གནས་ལ་བརྩི་བཀུར་དང་མི་ཉིད་གཞི་རྩར་འཛིན་པ”བཅས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མྱུར་སྐྱོབ་ཀྱི་རྩ་དོན་ལྟར་སྤེལ་བས། གཞིས་སྡོད་ཀྱི་ཁོར་ཡུག་ལ་སྔར་སྲོལ་གྱི་ཉམས་མ་ཤོར་བར་ཡོད། ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་བོད་ལུགས་བཟོ་སྐྲུན་གྱི་རྣམ་པ་འབུར་དུ་ཐོན་པས། ལོ་རེ་བཞིན་དུ་ཕྱོགས་ཀྱི་མགྲོན་པོ་མང་པོ་འདུ་བཞིན་ཡོད།
ལབ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྒྱལ་བུ་ཉི་མས་བཤད་ན། ཉེ་ཆར་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་ཚང་མས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཀྱིན་ཡོད། སྙན་ཞུའི་ཁྲོད་བསྟན་པའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ཞེས་པ་འདི་ནི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བཞིན་པའི་ང་ཚོར་མཚོན་ན་ཡིད་ཆེས་ཤིག་དང་སྒུལ་ཤུགས་ཤིག་བསྩལ་བ་རེད་ཟེར།
ལབ་ཆུའི་བྱང་ངོས་ཀྱི་མཐོ་སར་འགོས་ན། བརྗིད་ཉམས་ལྡན་པའི་མཁར་རྙིང་ཞིག་མཐོང་ལ། དེ་ནི་ལབ་མདའ་བེ་རྐྱང་ཚང་གི་མཁར་རྙིང་རེད། མཁར་རྙིང་དེ་ལ་ད་ལྟའི་བར་དུ་ལོ་ངོ300ལྷག་གི་ལོ་རྒྱུས་ཡོད་པ་དང་། ཁྲི་འདུ་རྫོང་ཁོངས་སུ་མ་ཉམས་པར་ལུས་པའི་མཁར་རྙིང་གཅིག་པུ་དེ་རེད། ལབ་ཡུལ་ཚོའི་གནའ་བོའི་ཤུལ་བཞག་མང་པོའི་ཁྲོད་རིག་གནས་ཀྱི་ཁྱད་ཆོས་དང་རྟགས་མཚན་རང་བཞིན་ཆེས་འཛོམས་པའི་བཟོ་སྐྲུན་དེའང་རེད།
རྒྱལ་བུ་ཉི་མས་བཤད་རྒྱུར། ལབ་མདའ་བེ་རྐྱང་ཚང་གི་མཁར་རྙིང་ནི་འབྲི་ཆུའི་བཞུར་རྒྱུད་ཀྱི་གནས་སྐོར་ལམ་ཐིག་སྟེང་གི་མཛེས་ལྗོངས་ཆེས་རིན་ཐང་ལྡན་པ་དེ་ཡིན་པས། ལབ་ཡུལ་ཚོ་སྲིད་གཞུང་གིས་ལྷ་སའི་ཐང་སྡེ་བ་ལྟེ་བར་བཟུང་སྟེ། ལབ་མདའ་བེ་རྐྱང་ཚང་གི་མཁར་རྙིང་དང་མོ་ལེགས་འགག་འཕྲང་། གོ་བོ་གནའ་མཁར་སོགས་ཀྱི་ལྗོངས་གནས་ལམ་གཅིག་ཏུ་སྦྲེལ་ནས། གནས་དགུ་ལམ་གཅིག་གི་གནས་སྐོར་ལྗོངས་ཁུལ་ཞིག་བསྐྲུན་འཆར་ཡོད་ཟེར།
དཔྱིད་ཀྱི་ཉི་འོད་འཇམ་པོས་ལབ་ཡུལ་ཚོ་སྲིད་གཞུང་མདུན་གྱི་ཐང་ཆེན་རབ་ཏུ་སྤྲོས་འདུག་ལ། གཟབ་འཕྱོར་སྤྲས་པའི་བུ་མོ་འགས་ནན་ཏན་གྱིས་བྲོ་དང་གཞས་སོགས་ལབ་ཡུལ་ཚོའི་སྲོལ་རྒྱུན་གླུ་གར་ལ་སྦྱོང་བརྡར་བྱེད་བཞིན་འདུག
འབྲོག་པ་མཁའ་འགྲོས་བཤད་རྒྱུར། འདི་དག་ནི་ང་ཚོའི་ཁྱད་ཆོས་ཡིན་ལ་ང་ཚོའི་རིག་གནས་ཀྱང་ཡིན། དབྱར་ཁར་གནས་སྐོར་པ་སླེབས་ན། ང་ཚོས་ཁོ་ཚོར་ལྟད་མོ་སྟོན་ཆོག་པ་རེད། ལྗོངས་ཁུལ་གྱི་ལྟད་མོའི་ནང་དོན་ཕུན་ཇེ་ཚོགས་སུ་བཏང་ཆོག་པར་མ་ཟད། ང་ཚོའི་རིག་གནས་ཀྱང་བརྒྱུད་སྒྲོག་བྱེད་ཐུབ་ཟེར།
སྐབས་དེར། ལབ་ཡུལ་ཚོ་སྲིད་གཞུང་གི་གྲོས་ཚོགས་ཁང་དུའང་དེ་ལྟར་འུར་ཟིང་གིས་ཁེངས་འདུག རྒྱལ་བུ་ཉི་མས་བཤད་རྒྱུར། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་ཐབས་ལམ་དུ་མ་ནས་མཁར་གྲོང་གི་སྡོད་དམངས་ཚོའི་ཡོང་སྒོ་ཇེ་མཐོར་གཏོང་དགོས་པ་ནན་གྱིས་བསྟན་ཡོད་ལ། ད་ལོ་ང་ཚོའི་ཆེས་སྒྲུབ་འདོད་པའི་བྱ་བའང་འདི་ཡིན་པས། ཚང་མས་ད་ལོའི་དཔྱིད་འདེབས་དུས་ཆེན་སྐོར་ལ་བགྲོ་གླེང་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ད་ལོའི་དུས་ཆེན་དང་པོ་འདི་བརྒྱུད་ནས། ལབ་གནའ་བོའི་མཁར་གྲོང་གི་གནས་སྐོར་གྱིས་ཡོང་སྒོ་དང་པོ་དེ་ལེན་ཐུབ་པ་དང་། འབྲོག་དམངས་སྔར་ལས་མང་པོས་གནས་སྐོར་ཐོན་ཁུངས་ཀྱི་ཡོང་སྒོ་དེ་ལོངས་སུ་སྤྱོད་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས། ཡུལ་སྐོར་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་ཀྱིས། རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་འདྲེས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།
ཁྱད་ལྡན་སྐྱེ་ཁམས་རིག་གནས་ཀྱི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་པས། ལབ་ཡུལ་ཚོས་སྲུང་སྐྱོབ་དང་གསར་སྤེལ། སྲོལ་རྒྱུན་དང་དེང་རབས་ཀྱི་ཟུང་འདྲེས་འཆར་གཞི་དེ་མངོན་འགྱུར་བྱེད་བཞིན་མཆིས།
ལབ་གནའ་བོའི་མཁར་གྲོང་གི་ལས་གཞི་འདི་ལ་སྲིད་གཞུང་གཅིག་པུས་ཤུགས་བརྒྱབ་པས་ལེགས་པོ་ཡོང་ཐབས་མེད། ལབ་ཡུལ་ཚོ་སྲིད་གཞུང་གིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ། མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། དེའི་ཁྲོད་ནས་ལབ་གནའ་བོའི་མཁར་གྲོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས།
སྡེ་དམངས་འཇིགས་མེད་ཚེ་རིང་གི་གནའ་བོའི་ཁྱིམ་ཚང་མགྲོན་ཁང་དུ། རྡོ་མཁར་རྙིང་པ་དང་འབུར་བརྐོས་ཀྱིས་བརྒྱན་པའི་སྒོ་ལྡང་དང་སྒེའུ་ཁུང་སོགས་ལས་ཁམས་པའི་བཟོ་སྐྲུན་གྱི་ཁྱད་ཆོས་མཐོང་ལ། ཁང་པ་ནི་ལྷས་དཀྱིལ་གྱི་ཕུགས་དང་ལོགས་སུ་བསྐོར་ནས་ཐོག་རྩེག་གསུམ་བརྩིགས་ཡོད་པ་ཞིག་མཐོང་ཞིང་། བསྡོམས་པས་ཁང་མིགཉེར་གཅིག་འདུག
འཇིགས་མེད་ཚེ་རིང་གིས་བཤད་རྒྱུར། མགྲོན་ཁང་གཉེར་མགོ་བརྩམས་པ་ནས། རོང་འབྲོག་པའི་ཁྱིམ་ཚང་དགུ་ཙམ་གྱི་ཕྱུག་འགྱུར་ལ་གྲོགས་བྱས་པར་མ་ཟད། ངལ་རྩོལ་པ་ལྷག་མ་མི་སུམ་ཅུ་ལྷག་གི་ལས་རྐང་ཐག་བཅད་པ་དང་། མགྲོན་ཁང་གི་ཡོང་སྒོའང་ཅུང་ཙམ་བཟང་ཟེར།
ལབ་ཡུལ་ཚོ་རུ་འཇིགས་མེད་ཚེ་རིང་ལྟ་བུའི་འབྲོག་དམངས་མི་ཉུང་བ་ཡོད།
ཚེ་རིང་སོགས་རང་སར་ཕྱིར་ལོག་པའི་སློབ་ཆེན་པ་བཅུ་དྲུག་གིས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་ལ་བརྟེན་ནས། མཚོ་སྔོན་གནའ་བོའི་མཁར་གྲོང་སློབ་ཆེན་པའི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས། དེས་ཕ་ཡུལ་གྱི་ཡུལ་སྐོར་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་བཏོན་པར་མ་ཟད། གཞོན་པ་སྔར་ལས་མང་པོ་ཡོང་འཕར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། སྲོལ་རྒྱུན་ཁྱིམ་ཆས་ལག་ཤེས་པ་བློ་བཟང་ལྷུན་གྲུབ་དང་བསོད་ནམས་ཡེ་ཤེས། ཉི་འབུམ་སོགས་ཀྱིས་ཆེད་ལས་ཀྱི་བོད་ལུགས་ཁྱིམ་ཆས་བཟོ་བའི་ལག་རྩལ་སྦྱངས་ཤིང་། ད་ལོའི་ལོ་མགོར། སྒོར་མོ་འབུམ་གཅིག་དང་ཁྲི་བརྒྱད་ཙམ་གྱི་མངགས་ཐོ་འབྱོར་བས། ལོ་ངོ་སྟོང་ཕྲག་ལ་བརྒྱུད་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་ས་གནས་མང་ཚོགས་ཀྱི་ཡོང་སྒོ་སྐྲུན་བྱེད་གཙོ་བོ་ཞིག་ཏུ་གྱུར། ལྷ་སའི་ཐང་སྡེ་བའི་སྡེ་མི་ཁག་ཅིག་གིས་ཁྱད་ཆོས་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་ནས། རང་སའི་རྩིག་པའི་ཡོན་ཏན་དེ་ཆེས་ཆེར་ངོམ་ནས། ཕ་ཡུལ་གྱི་འཛུགས་སྐྲུན་ལ་རང་གི་སྟོབས་ཤུགས་བཏོན་པར་མ་ཟད། རང་ས་ནས་ཡོང་སྒོ་འཚོལ་བའི་ཐབས་ལམ་ཡང་རྙེད།
ལབ་ཡུལ་ཚོའི་གོ་བོ་སྡེ་བ་དང་ལབ་མདའ་སྡེ་བ་གཉིས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བའི་ནང་དུ་བདམས་པ་དང་། ཆུ་འགྲམ་དང་ཉེ་བའི་སྡེ་རྟ་སྡེ་བའི་ཁམས་གསོ་ལྟེ་གནས་ཀྱི་ལས་གཞི་བདེ་བླག་གིས་སྤེལ་བ། ལབ་ཡུལ་ཚོའི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་སྒྲིག་བཀོད་ཉིན་རེར་འཐུས་སྒོ་ཇེ་ཚང་དུ་འགྱུར་བཞིན་པ་སོགས་དོན་དངོས་ཀྱི་འགྱུར་ལྡོག་དེ་དག་ལས་རྒྱལ་བུ་ཉི་མས་གླེང་བའི་འཆར་གཞི་རེ་རེ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་པ་མཐོང་ཐུབ།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།