དམངས་ཀྱི་དོན་དུ་དོན་དངོས་སྒྲུབ་པའི་ཁྲིམས་དཔོན་བཟང་པོ་བྱེད་དགོས།
2023.03.30 ཁུངས། ཀློག་གྲངས། 236

མི་དམངས་མང་ཚོགས་ཀྱི་གཏུག་བཤེར་བྱ་འགུལ་ཁྲོད་ཀྱི“དཀའ་ཉེན་དང་རེ་སྒུག”གི་གནད་དོན་དངོས་གནས་ཐག་གཅོད་བཟང་པོ་བྱ་ཆེད།“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཞེས་པའི་ལག་ལེན་བྱ་འགུལ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་། ཞིན་ཧེ་ཁྲིམས་ཁང་ནང་གསར་དུ་ཞུགས་པའི་ཁྲིམས་དཔོན་བསོད་ནམས་དབང་ལྡན་གྱིས་བོད་རིགས་མང་ཚོགས་གཏུག་བཤེར་བྱ་འགུལ་ཁྲོད་ཞུགས་སྐབས་ལྟ་མི་ཤེས་པ་དང་ཀློག་མི་ཤེས་པའི་གནད་དོན་དངོས་ལ་དམིགས་ནས། རང་འགུལ་གྱིས་བོད་རིགས་མང་ཚོགས་ཀྱི“ཁྲིམས་འཛིན་ལོ་ཙཱ་བའི” འགན་འཁུར་བ་རེད།

བསོད་ནམས་དབང་ལྡན་ནི་ཞིན་ཧེ་ཁྲིམས་ཁང་ནང་ན་ནིང་ལོ་མཇུག་ཏུ་གསར་དུ་ཞུགས་པའི་ལོ་རབས90པའི་རྗེས་ཀྱི་ན་གཞོན་ཁྲིམས་དཔོན་ཞིག་ཡིན་པ་མ་ཟད། བུའུ་ལུང་ཁྲིམས་རའི་འགན་ཡང་འཁུར་བཞིན་ཡོད། ཁྲིམས་དཔོན་དུ་གྱུར་པ་ནས་བཟུང་། ཁོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ནས། མང་ཚོགས་ཀྱིས་གཏུག་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་རང་འགུལ་ངང་ཤེས་རྟོགས་དང་ཐག་གཅོད་བྱས། བོད་རིགས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་ཆེད། ཁོས་བོད་སྐད་ཀྱི་ལམ་ནས“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་དང་དབྱེ་ཞིབ་བྱས་པ་དང་། རྒྱ་སྐད་མི་ཤེས་པའི་བོད་རིགས་དོ་བདག་པ་གཏུག་བཤེར་བྱ་འགུལ་ཁྲོད་ཞུགས་པར་སྟབས་བདེ་ཡོང་ཆེད། ཁོས་རང་ཉིད་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ལ། དཔང་སྟོན་བརྡ་ཐོ་དང་གཏུག་ལན་ཞུ་བའི་བརྡ་ཐོ། གཏུག་བཤེར་ཉེན་ཁའི་སྔོན་བརྡ་གཏོང་བའི་བརྡ་ཐོ། སྲིད་དོན་གཙང་སྐྱོང་ལྟ་སྐུལ་བྱང་བུ་དང་དེ་མིན་ཁྲིམས་རའི་འདྲི་གཅོད་ཟིན་ཐོ་བཅས་བོད་ཡིག་ཏུ་བསྒྱུར་ནས་དོ་བདག་གི་ལག་ཏུ་སྤྲད་པ་དང་། མང་ཚོགས་ལ་གཏུག་བཤེར་བྱེད་པའི་དུས་རིམ་ནང་ཁོ་ཚོར་ཡོད་པའི་ཁེ་དབང་དང་འོས་འགན་ཤེས་སུ་བཅུག མང་ཚོགས་ཀྱི་གནད་དོན་ཤེས་རྟོགས་བྱེད་མཁན་ཡོད་པ་དང་། དཀའ་ཁག་དང་འཕྲད་ཚེ་ལ་རོགས་རམ་བྱེད་མཁན་ཡོད་པ། སྐྱོ་སྡུག་གི་སྐབས་སུ་སེམས་ཁུར་བྱེད་མཁན་ཡོད་པ། དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་བྱས་པས་འབྲོག་པ་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད།

བསོད་ནམས་དབང་ལྡན་གྱིས་དམངས་ལ་ཞབས་འདེགས་ཞུས་ཏེ“དྲོད་འཁོལ་སྩོལ་བའི་བྱ་ཐབས”ནི་ཞིན་ཧེ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས“དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི”རྩ་དོན་དུ་བྱས་ལ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་སྤེལ་བའི་བསྡུས་རིས་ཤིག་རེད། གོ་རིམ་རྗེས་མར་ཞིན་ཧེ་ཁྲིམས་ཁང་གིས་མང་ཚོགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱ་རྒྱུ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ།“དམངས་ལ་ཞབས་འདེགས་ཞུ་བའི”ཤུགས་རྒྱག་ས་དང་རྐང་འཛུགས་ས་འཚོལ་ཞིབ་ཡག་པོ་བྱས་ནས། དངོས་གནས་ཕན་ནུས་ལྡན་པའི་ཞབས་ཞུ་སྒྲུབས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།