མདོ་ལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་ཕྱོགས་ཡོངས་ནས་གཞིགས་ཏེ། ཧུར་ཐག་གིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། འགན་འཁྲི་དང་གནོན་ཤུགས་རྒྱུན་མི་ཆད་པར་ཇེ་བརྟན་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་བྱ་བ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ། དབུལ་སྐྱོར་རྒྱུ་ནོར་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། གྲོང་གསེབ་ཀྱི་རྣམ་པ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བར་ཤུགས་སྣོན་བྱས།
འགན་འཁྲི་ཇེ་བརྟན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་དང་། གྲོང་གསེབ་དར་སྤེལ་གྱི་དར་ཆ་མཐོན་པོར་བསྒྲེངས། གྲོང་གསེབ་དར་སྤེལ་གྱི་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། འགན་འཁྲི་དོན་འཁྱོལ་འབུར་དུ་དོད་པར་བྱས་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། མདོ་ལ་རྫོང་རོང་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་གྲོང་གསེབ་དར་སྤེལ་འགོ་ཁྲིད་ཚན་ཆུང་མཉམ་འབྲེལ་སྒོས། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས“ཚན་གཙོ་གཉིས”ཀྱི་འགན་འཁུར་བའི་འགན་འཁྲིའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ལ། རྫོང་རིམ་པའི་འགོ་ཁྲིད་དང་། རྫོང་ཐད་གཏོགས་སྡེ་ཁག་གིས་གྲོང་གསེབ་དར་སྤེལ་ལ་འབྲེལ་གཏུག་བྱེད་པའི་བྱ་བའི་ལམ་ལུགས་དང་། “མཉམ་འབྲེལ་གྲོས་ཚོགས”ལམ་ལུགས་སོགས་བྱ་བའི་ལམ་སྲོལ་བཙུགས་ནས། བྱ་བའི་འགན་འཁྲིའི་གསལ་ཐོའི་ལམ་ལུགས་དང་རྩིས་ཐོའི་དོ་དམ་ལག་བསྟར་བྱས་ཐོག དམིགས་འབེན་འགན་འཁྲི་ཁ་གསལ་སྒོས་འགན་འཁྲིའི་འབྲེལ་ཐག་དམ་པོར་བཅིངས་ནས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་གོ་རིམ་ལྡན་པར་སྐུལ་འདེད་བཏང་། ལས་འགན་དབྱེ་འབྱེད་ཞིབ་ཕྲ་བྱས་ནས《མདོ་ལ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《མདོ་ལ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》སོགས་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཁག10ལྷག་ཙམ་བཟོས་ཤིང་བཀྲམས། ལས་སྒྲུབ་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ་དབུལ་ཐར་གྲོང་ཚོ་དང་གྲོང་གསེབ་དར་སྤེལ་གཙོ་གནད་གྲོང་ཚོ23ལ་བྱ་བའི་བསམ་ཕྱོགས་གསལ་བ་དང་མཐུན་སྦྱོར་ནུས་པ་ཆེ་བ། རོང་འབྲོག་ཁུལ་གྱི་སྲིད་ཇུས་ལ་འཇོན་པ་བཅས་ཀྱི་ལས་བྱེད་པ70རྩ་འཛུགས་བྱས་ནས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་མིའི་འགན་འཁུར་དུ་བཅུག་ཅིང་། ཁྱོན་ཡོངས་གསོ་སྦྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་མངགས་སྡོད་སྟོབས་ཤུགས་ཀྱི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱས་ཡོད།
ཉེན་བརྡ་མྱུར་མོས་མཐའ་ཚད་བསྲུངས་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི“འགན་ལེན”ལ་ཤུགས་བསྣན། གཞི་རིམ་གྱི་གྲལ་བཤེར་སྟོབས་ཤུགས་དང་ལས་རིགས་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་གང་ལེགས་བེད་སྤྱད་དེ། “དྲ་མིག་ཅན”བཅོས་སྐྱོང་དང་། བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་། “དྲ་མིག་ཅན”གྱི་ཞིབ་ཕྲའི་དོ་དམ་བྱེད་སྟངས་སྤྱད་དེ། འགན་འཁྲི་ཁག་ལྟ་ཞིབ་ཚད་ལེན་བྱ་བའི་ལྷུ་ཚིགས་སོ་སོར་དོན་དུ་འཁྱོལ་བ་དང་ཞིབ་ཆ་དོད་པར་བྱས་ཤིང་། “ལས་བྱེད་པས་མཐིལ་རྟོགས་གྲལ་བཤེར་དང་། གྲོང་ཚོ་དང་དུད་ཁྱིམ་འགན་གཙང་ལེན” “གྲལ་བཤེར་སྔོན་བརྡ། མཉམ་ཤུགས་ལྟ་ཞིབ་ཚད་ལེན”སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང1473གྱི་མི4772དང་། “རིགས་གསུམ་པའི་ཁྱིམ་ཚང”34ཡི་མི101གི་གནས་ཚུལ་འཕྲལ་མར་ཁོང་དུ་ཆུད་པར་བྱས་ལ། རེས་སྐོར2ཀྱི་བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གཅིག་སྡུད་གྲལ་བཤེར་བྱས་ཟིན། ཉེན་ཁའི་གནས་ལ་དམིགས་ནས་རོགས་སྐྱོར་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ཤིང་། རྒྱུན་རྣམ་ཅན་གྱི་འགུལ་རྣམ་དོ་དམ་ལག་བསྟར་བྱས།
དབུལ་སྐྱོར་རྒྱུ་ནོར་གྱི་ཕན་འབྲས་ཆེ་རུ་བསྐྱེད་པ་དང་། གྲོང་གསེབ་ཐོན་ལས“སྟོབས་དང་ལྡན་པར”འཕེལ་རྒྱས་བཏང་། 《དབུལ་སྐྱོར་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་། ཡུལ་གྲོང་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་རིམ་པ་སོ་སོའི་ནོར་སྲིད་མ་དངུལ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ། ཤར་ནུབ་རོགས་ལས་མ་དངུལ། སྤྱི་ཚོགས་ཀྱི་ཞལ་འདེབས་དང་ཁ་གཏད་རོགས་སྐྱོར་མ་དངུལ་སོགས་སྤྱད་དེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རིགས་སོ་སོའི་རྒྱུ་ནོར་ལ་གཅིག་རྗེས་གཉིས་མཐུད་ངང་རྩིས་བཤེར་དང་། ཐོ་འགོད། རྩིས་སྤྲོད། དབང་ཆ་གཏན་འཁེལ་སོགས་ཀྱི་བྱ་བ་སྒྲུབ་ཏེ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒྱུ་ནོར་དོ་དམ་གྱི་རྩིས་ཁྲ་བཟོས་པར་མ་ཟད། ཀྲུང་དབྱང་དང་། ཞིང་ཆེན། རྫོང་རིམ་པའི་ནོར་སྲིད་བཅས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གསུམ་དོན་འཁྱོལ་བྱས་ནས་བགོ་བཤའ་བརྒྱབ་ཅིང་། འབྲེལ་མཐུད་མ་དངུལ་ལས་གཞི74ལག་བསྟར་བྱས། མདོ་ལ་རྫོང་གི2023ལོ་ནས2025ལོ་བར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་གྱི་ལས་གཞིའི་མཛོད་བཙུགས་ཏེ། རྣམ་གྲངས80མཛོད་དུ་བཅུག་ཡོད་ལ། མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་ལྔ་དང་འབྲེལ་བ་ཡོད།
གྲོང་གསེབ་ཀྱི་མཛེས་ལྗོངས་ལ་དམིགས་ནས་གྲོང་གསེབ་འཛུགས་སྐྲུན་གྱི“དབྱིབས་བཟོ”ལ་སྐུལ་འདེད་བཏང་། གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཚོའི་ནུས་པ་འཐུས་ཚང་དུ་གཏོང་བ། གྲོང་ཚོའི་དོ་དམ་ལ་ཤུགས་སྣོན་པ་བཅས་ཕྱོགས་གསུམ་ནས་མགོ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དོ་མཉམ་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་། གྲོང་ཚོའི་ཐོན་སྐྱེད་དང་འཚོ་བའི་སྐྱེ་ཁམས་བར་སྟོང་གི་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་རྒྱུན་འཁྱོངས་དང་། གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་ཚན་རིག་དང་མཐུན་པར་བཟོས་ཤིང་། དངོས་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་ནང་སྒྲིག་བཟོ་བྱ་དགོས་རིགས་ཚང་མ་སྒྲིག་བཟོ་གང་ཐུབ་བྱེད་པའི་རྩ་དོན་ལྟར། གྲོང་ཚོ20ཡི་གྲོང་ཚོའི་འཆར་འགོད་སྒྲིག་བཟོའི་བྱ་བ་ལེགས་གྲུབ་བྱུང་བ་དང་། འཆར་འགོད་ཡོངས་སུ་གྲུབ་ཚད44%ཟིན་ཡོད། མདོ་ལ་རྫོང་གི་རོང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ལོ་ལྔ་ཡི་འགུལ་སྐྱོད་སྤེལ་མགོ་ཚུགས་པ་དང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཏན་ཏིག་ངང་སྤེལ་ནས། གྲོང་ཚོ་གཙང་སེལ་དེ“གཙང་བཅོས”དང“ཟིང་བཅོས”བར་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། “གསང་སྤྱོད་གསར་བརྗེའི”བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ནས། རིམ་རྩིས་བྱས་ན་གསང་སྤྱོད་ལས་མཁན་གྱི་ཁྱིམ་ཚངཉིས་སྟོང་ང་དགུ་དང་ཁྱབ་ཚད85%ཟིན་ཞིང་། གྲོང་ཚོའི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ་དང་། རྫོང་ཡོངས་སུ་གད་སྙིགས་སྦས་ཡུལ5བསྐྲུན་ལ། སྲིད་འཛིན་གྲོང་ཚོ45ལ་གད་སྙིགས་གཙང་སེལ་རླངས་འཁོར45སྒྲིག་སྦྱོར་བྱས་ཤིང་། གྲོང་ཚོའི་འཚོ་བའི་གད་སྙིགས་གཙང་སེལ་བྱས་པའི་གྲོང་ཚོ100%ཟིན་པ་དང་། འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད31%ཟིན་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།