ནངས་ཇ་འཐུང་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྱི་འབྲོག་པ་སྡེ་བའི་རུ་ཁག་གསུམ་པའི་རྒན་མོ་པདྨ་རང་གི་བུ་མོ་དང་མག་པ་གཉིས་དང་འགྲོགས་ནས་སྒོར་བུད། སྐར་མ་འགའི་རྗེས་སུ། བཟའ་མི་གསུམ་པོ་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྱི་ང་འབབ་ལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་སྒོ་ཁར་ཐོན། མཉམ་ལས་ཁང་གི་ལས་བཟོ་པ་ཡིན་པའི་ཆ་ནས་དུས་ཚོད7དང་སྐར་མ30ཡི་སྟེང་ཉིན་གཅིག་གི་ལས་ཀ་དངོས་སུ་མགོ་བརྩམས།
རང་ཚང་གི་སྒོ་ཁར་ལས་ཚེགས་ཡང་ཞིང་བློར་འབབ་པའི་བྱ་བ་ཞིག་རྙེད་པ་ནི་ལོ60ལྷག་ལ་སོན་པའི་རྒན་མོ་པདྨ་ལ་མཚོན་ནས་བཤད་ན་སེམས་ལའང་དྲན་མ་མྱོང་བའི་དོན་བཟང་ཞིག་རེད། འབྲོག་མི་ནས་ལས་བཟོ་པར་གྱུར་པའི་པདྨའི་ཐོབ་ཐང་འགྱུར་བའི་རྒྱབ་ལོགས་སུ། མཉམ་ལས་ཁང་གི་རིམ་སྤར་འཕེལ་རྒྱས་ཀྱི་ལམ་བུ་ཡོད་ལ། དེ་ནི་རོགས་སྐྲུན་ལས་གཞི་ལས་ཐོན་པ་རེད།
2020ལོ་ནས་བཟུང་། པེ་ཅིན་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་རོགས་སྐྲུན་བྱས་པའི་ཁྲི་འདུ་རྫོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མཐོ་སྒང་དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་འཛུགས་སྐྲུན་ལས་གཞི་ལ་སྔ་གཞུག་ཏུ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས། ཞེའུ་གྲོང་རྡལ་གྱི་འབྲོག་པ་སྡེ་བའི་རུ་ཁག་གསུམ་པ་ཐོག་མའི་དཔེ་སྟོན་གནས་སུ་ཚུད།
ལས་གཞི་འདི་ཇི་ལྟར་བདམས་པ་དང་། འབྲོག་པ་སྡེ་བའི་རུ་ཁག་གསུམ་པ་ཅི་ཞིག་ལ་བརྟེན་ནས་འཕེལ་རྒྱས་སུ་ཕྱིན་པའི་སྐོར་ལ། པེ་ཅིན་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུའུ་ནས་ཐོན་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའམ་ཁྲི་འདུ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ་ཧའོ་ཡོན་གྱིས་ལན་གསལ་པོ་ཞིག་བཏབ་བྱུང་།
“ཞེའུ་གྲོང་རྡལ་འབྲོག་པ་སྡེ་བའི་མཉམ་ལས་ཁང་གི་གཉེར་སྟངས་དེ་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་ནི། མི་དང་རྩྭ་ས། ཕྱུགས་ཟོག་གསུམ་སྡེབ་སྒྲིག་བྱས་པ་ལེགས་ཤིང་། ཡུལ་དེའི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་ཕྱོགས་པ། ཕྱིར་འཚོང་གི་མོས་འདུན་ཅུང་ལེགས་པོ་ཡོད་པ་བཅས་ཀྱིས་རེད། དུས་མཚུངས་སུ། ཞེའུ་གྲོང་རྡལ་འབྲོག་པ་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་དང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་དང་ཐག་ཉེ་ལ་ས་བབ་ཀྱི་ལེགས་ཆ་འབུར་དུ་ཐོན་ཡོད་པའི་དབང་གིས་ལས་གཞི་འདི་གནས་འདི་ནས་ལག་བསྟར་བྱས་པ་རེད།”
ནོར་གནག་ཐོན་ལས་ནི་ཡུས་ཧྲུའུ་ཡི་ཐོན་ལས་གཙོ་བོ་ཡིན་པ་ཚང་མས་ཤེས། གྲོང་རྡལ་ཡོངས་ཀྱི་ཆེས་ཆེ་བའི་སྡེ་བ་ཡིན་པའི་ཞེའུ་གྲོང་རྡལ་གྱི་འབྲོག་པ་སྡེ་བ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་པས་ཐོན་ལས་སྣ་རྐྱང་ཡིན། དབྱར་རྩྭ་དགུན་འབུ་རྐོ་བ་ལས་གཞན། ནོར་གནག་འཚོ་བ་ནི་སྡེ་བ་གང་བོའི་ཁྱིམ་ཚང500ལྷག་གི་སྡེ་མི་ཡོངས་ཀྱི་ཡོང་སྒོའི་ཐོན་ཁུངས་རེད། 2019ལོར། འཚོལ་སྙེག་བྱས་པ་བརྒྱུད། འབྲོག་པ་སྡེ་བའི་རུ་ཁག་གསུམ་པ་རུ་མཉམ་ལས་ཁང་བཙུགས་པར་མ་ཟད། ཞོ་དང་མར་གྱི་ཐོན་རྫས་ཚོད་ལྟའི་ཚུལ་དུ་བཙོངས་པས་གྲོང་རྡལ་ཡོངས་ཀྱི་མཉམ་ལས་ཁང་གི་ཁྲོད་དུ་སྙན་གྲགས་ཅུང་ཙམ་རྒྱས།
བརྟག་ཞིབ་ཟབ་མོ་བྱས་པ་བརྒྱུད། པེ་ཅིན་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡིས་ཁྲི་འདུ་རྫོང་ནོར་གནག་ཐོན་ལས་ཀྱི་དམིགས་བསལ་དཔེ་སྟོན་ཁུལ་དུ་བདམས་པར་མ་ཟད། འབྲོག་པ་སྡེ་བའི་རུ་ཁག་གསུམ་པའི་ང་འབབ་ལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་དེ་དཔེ་སྟོན་རྟེན་གཞི་ཐོག་མ་རུ་གཏན་འབེབས་བྱས། དགུན་དུས་ཀྱི་ཕྱུགས་ཁང་དང་བེའུ་གསོ་ཁང་། རྩྭ་ཁང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད། རྟེན་གཞི་རུ་ནོར་གནག་སྟོང་ལས་བརྒལ་བའི་དགུན་དཔྱིད་ཀྱི་གཟན་རྩྭ་ཤོངས་པ་དང་། དབྱར་དུས་དང་སྟོན་དུས་སུ་སྒོ་རུ་འཚོ་བ་དང་ཁྱུ་བགོས་ནས་འཚོས་ཆོག
མིག་མདུན་གྱི་དེང་རབས་ཅན་གྱི་གསོ་སྤེལ་རྟེན་གཞི་གསར་པ་གསར་རྐྱང་དེ་ལ་ལྟ་བཞིན་མཉམ་ལས་ཁང་གི་ལས་འཛིན་བུ་སྡུག་གི་གདོང་ལ་འཛུམ་རྒྱ་གྲོལ།
“ངས་ཚོགས་འདུའི་སྐབས་སུ་བསླབས་པའི་ཤེས་བྱ་ལྟར། ལས་གཞི་འདིས་རྩྭ་ཐང་སྡེབ་སྒྲིག་དང་ངལ་རྩོལ་ནུས་ཤུགས་སྡེབ་སྒྲིག ཕྱུགས་ཟོག་སྡེབ་སྒྲིག་བཅས་མངོན་འགྱུར་བྱས་པར་མ་ཟད་སྐྱེ་ཁམས་དང་ངལ་རྩོལ་ནུས་ཤུགས། ཐོན་སྐྱེད་ནུས་ཤུགས་བཅས་བཅིངས་འགྲོལ་བཏང་བའི‘སྡེབ་སྒྲིག་གསུམ་དང་བཅིང་འགྲོལ་གསུམ’གྱི་སྐྱེ་ཁམས་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱས།”
དོན་དངོས་སུ། ཡུལ་དེའི་འབྲོག་པ་ཚོ“གནམ་ལ་བརྟེན་ནས་ཕྱུགས་འཚོ་བ”ཡི་ལས་དབང་ལ་གཡོལ་དུ་འཇུག་པ་དང་ནོར་གནག་ཕྱིར་བཙོང་ཚད་ལ་ཁག་ཐེག་བྱེད་རྒྱུ་ནི་པེ་ཅིན་རོགས་སྐྲུན་ལས་གཞིའི་དམིགས་འབེན་ཨང་དང་པོ་ཡིན་ལ། སྡེ་དམངས་ཕྱུག་པོར་འགྱུར་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་ད་གཟོད་ཐེངས་འདིའི་རིམ་སྤར་གྱི་མཇུག་མཐའི་དམིགས་ཡུལ་ཡིན།
“པེ་ཅིན་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡིས་འབྲེལ་གཏུག་གི་ཟམ་པ་འཕངས་པས། ང་ཚོས་པེ་ཅིན་གྱི་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་གན་རྒྱ་བཞག་པ་དང་། ལས་སྣོན་བྱས་རྗེས་པེ་ཅིན་གྱི་ཚོང་ཁྲོམ་དུ་བསྐྱལ་བ་ཡིན། ཕྱིར་འཚོང་གི་ཐབས་ལམ་བརྟན་པོ་འདི་དག་ཡོད་པའི་ཁར་སྡེ་བའི་ནང་གི་ཐུན་མོང་དཔལ་འབྱོར་གཞན་པ་ཡོད་པས། མང་ཚོགས་ཀྱི་ཡོང་འཕར་ལ་འགན་སྲུང་ཡོད།” ཞེའུ་གྲོང་རྡལ་གྱི་འགོ་འཛིན་བསམ་གཏན་གྱིས་བལྟས་ན། “འབྲོག་ཁྱིམ་དང་མཉམ་ལས་ཁང་། ཁེ་ལས་དང་ཚོང་ཁྲོམ”བཅས་ཀྱི་ཐོན་ལས་སྦྲེལ་ཐག་འདིའི་རིགས་བསྐྲུན་ན། ཡུལ་དེའི་ནོར་གནག་ཐོན་ལས་ཅན་གྱི་ཚད་རིམ་མཐོར་འདེགས་གཏོང་ཐུབ་པར་མ་ཟད། གྲོང་གསེབ་དར་སྤེལ་ལ་སྔར་ལས་ནུས་པ་ལྡན་པའི་སྐུལ་འདེད་གཏོང་ཐུབ་པ་རེད།
མཉམ་ལས་ཁང་གི་ལས་བཟོ་པ་རིན་ཆོས་དར་ནི་ད་ལོར་ལོ51ཡིན་ལ། ཁོའི་བྱ་བ་གཙོ་བོ་མཉམ་ལས་ཁང་དུ་ཞོ་བསྙལ་རྒྱུ་དེ་རེད། དང་ཐོག་གཟའ་འཁོར་རེར་དཀར་ཡོལ་སུམ་ཅུ་ནས་བཞི་བཅུ་རེ་བསྙལ་བ་ནས་ད་ལྟ་གཟའ་འཁོར་རེར་ཉུང་མཐའ་ཡང་དཀར་ཡོལ་ལྔ་བརྒྱ་དྲུག་བརྒྱ་བསྙལ་བཞིན་ཡོད། པེ་ཅིན་རོགས་སྐྲུན་ལས་གཞིས་མཉམ་ལས་ཁང་ལ་རོགས་འདེགས་བྱས་པ་ཧ་ཅང་ཞིབ་ཕྲ་ཡིན།
“ང་ཚོར་མཚོན་ན་དགུན་ཁ་ནི་ཆེས་དཀའ་བའི་དུས་ཚིགས་ཡིན། ནོར་ལ་རྩྭ་ཟ་རྒྱུ་མེད་པས་ཤ་ཤེད་ལྷུང་འགྲོ། ད་ལྟ་དཀའ་ཁག་འདི་ཚང་མ་ཐག་གིས་བཅད་ཟིན། མཉམ་ལས་ཁང་བཙུགས་མ་ཐག་ནོར་གནག3000ཡོད་ལ་ལུག་གཅིག་ཀྱང་མེད། ད་ལྟ་ང་ཚོར་ནོར་གནག5000ལྷག་ཡོད་ལ་ལུག་ཀྱང300ལྷག་ཡོད།”
ཞེའུ་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་འཆི་མེད་དཔལ་མོས་བཤད་པ་བཞིན། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བའི་རྒྱབ་ལྗོངས་ཆེན་མོའི་འོག་ཏུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་རྟེན་གཞི་བསྐྲུན་པ་བརྒྱུད་ནས། འབྲོག་པ་སྡེ་བས་རང་སྡེ་བའི་ནོར་གནག་ཐོན་ལས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།
“ཞེའུ་གྲོང་རྡལ་འབྲོག་པ་སྡེ་བའི་རུ་ཁག་གསུམ་པའི་དཔེ་སྟོན་གནས་འཛུགས་སྐྲུན་ལས་གཞི་ནི་ཁྲི་འདུ་རྫོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་འཛུགས་སྐྲུན་ལས་གཞིའི་གོམ་པ་དང་པོ་ཡིན། 2021ལོ་ནས2022ལོའི་བར། པེ་ཅིན་གྲོང་ཁྱེར་གྱིས་ཡང་བསྐྱར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་བ་དང་། རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ་ཡིས་སྐབས་གཉིས་པའི་ལས་གཞི་ལག་བསྟར་བྱས་ཏེ། ཕྱུགས་རྒྱུད་ར་བ་དང་ཕྱུགས་ཁང་། ལས་སྒོ་ཁང་། གཟན་རྩྭ་ལས་སྣོན་དང་གསོག་འཇོག་ཁང་། ཕྱུགས་ལས་རོལ་མྱོང་ཞབས་ཞུ་སྒྲིག་བཀོད་སོགས་གསར་དུ་ལས་པ་དང་། འབྲེལ་ཡོད་ཀྱི་སྒྲིག་བཀོད་ཉོས་པར་མ་ཟད་སྐྱེ་ལྡན་ཐོན་རྫས་ཀྱི་ཁུངས་གཏུག་མ་ལག་བཙུགས། ཡུལ་དེ་དང་ཆེས་ཐག་ཉེ་བའི་རུ་ཁག་གཉིས་པས་ཀྱང་ལས་གཞི་འཛུགས་སྐྲུན་བྱེད་ཀྱིན་པའི་སྒང་རེད”ཅེས་ཧའོ་ཡོན་གྱིས་གསར་འགོད་པར་དེ་ལྟར་བཤད། སྔོན་དཔག་བྱས་པ་ལྟར་ན། 2024ལོར་ཐོན་དུས། པེ་ཅིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་བྱེ་བ་བཞི་བཏང་སྟེ་ཞེའུ་གྲོང་རྡལ་གྱི་འབྲོག་པ་སྡེ་བ་གཙོ་བོ་བྱས་པའི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ལས་གཞི་བསྐྲུན་ནས་ཡུལ་ཁོངས་ཐོན་ལས་ལས་གཞི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།