མཛོ་མོ་སྡེ་བའི་འཕེལ་རྒྱས་གཏོང་ཐབས།
2023.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་གྲོང་རྡལ་མཛོ་མོ་སྡེ་བའི་སྡེ་མི་བཀྲ་ཤིས་ལྷ་མོ་སྔ་མོ་ནས་ཡར་ལངས་ཏེ་ཁྱིམ་ལས་ལས་བཞིན་ཡོད། སྡེ་བའི་ནང་དུ་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་བའི་ཕུ་བོ་སྐལ་བཟང་ཡོན་ཏན་གྱིས་མདང་དགོང་ཁོ་མོར། དེ་རིང་ཁོ་ཚང་དུ་ཚོགས་འདུ་འཚོགས་རྒྱུ་ཡིན་ཞེས་བཤད་པས། བཀྲ་ཤིས་ལྷ་མོས་འོ་ཇ་སྐོལ་ཞོར་དུ་ཚོགས་འདུ་འཚོགས་དུས་ཚང་མས་ཅི་ཞིག་བཤད་འོང་བར་བསམ་བློ་གཏོང་བཞིན་འདུག

དེ་དང་ཆབས་ཅིག་ཏུ། མཛོ་མོ་སྡེ་བ་དང་བར་ཐག་སྤྱི་ལེ30ལྷག་ཡོད་པའི་རྫོང་མཁར་དུ། སྐ་དེ་ཡིས་དཔར་མ་ཐག་པའི་སྒྲོག་འགྲེལ་ཡིག་ཆ་ཁུག་མའི་ནང་དུ་བཅུག་ཅིང་། རླངས་འཁོར་བསྐོར་ནས་མཛོ་མོ་སྡེ་བའི་ཕྱོགས་སུ་ཆས། མཛོ་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། ཁ་ཐོར་དུ་སྡོད་པའི་འབྲོག་པ་མང་ཚོགས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་པར་སྟབས་བདེ་བསྐྲུན་ཆེད། ཁོས་སྡེ་བའི་ནང་དུ་སྒྲོག་འགྲེལ་ཐེངས་ལྔ་ལ་རྩ་འཛུགས་བྱས་པ་རེད། དེ་རིང་བྱ་འགུལ་ཁྲོད་ཞུགས་པ་ནི་རུ་ཁག་དང་པོ་དང་རུ་ཁག་གསུམ་པའི་སྡོད་གནས་བར་ཐག་ཅུང་ཉེ་བའི་ཁྱིམ་ཚང་བཅུ་ཕྲག་འགའི་མང་ཚོགས་རེད།

དུས་ཚོད་གཅིག་ལྷག་འགོར་རྗེས་ད་གཟོད་དངོས་སུ་དམིགས་སར་འབྱོར་བྱུང་།

“ཚོགས་འདུ་འཚོགས། ཚོགས་འདུ་འཚོགས།”

སྐ་དེ་རླངས་འཁོར་ལས་བབས་ཏེ་རུབ་ཡོང་བའི་མང་ཚོགས་མཐོང་བ་ན། ཡིག་ཆའི་ཁུག་མ་གཡུག་ཙམ་བྱས་ནས་དགོད་ཞོར་དུ་ཁང་པའི་ནང་ལ་འཛུལ་སོང་།

མཛོ་མོ་སྡེ་བ་ནི་ཧི་ནན་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད། ཕྱུགས་ལས་ནི་སྡེ་བ་ཡོངས་ཀྱི་ཁྱིམ་ཚང256གི་ཐོན་ལས་གཙོ་བོ་ཡིན་པར་མ་ཟད། ཕྱི་ནས་གླ་རྒྱག་པ་དང་ཚོང་ལས་གཉེར་བ། དབྱར་རྩྭ་རྐོ་བ་བཅས་ཀྱིས་ཀྱང་ཐོན་ལས་འདིའི་ཁྲོད་དུ་བགོ་སྐལ་མི་ཉུང་བ་རེག་གིན་ཡོད། ན་ནིང་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཉིས་བརྒྱད་བརྒྱ་ལ་སླེབས་པས། གྲོང་རྡལ་ཡོངས་ཀྱི་སྡེ་བ11གི་ཁྲོད་དུ་འཕེལ་རྒྱས་ཀྱི་མིང་ཐོ་སྔོན་གྲས་སུ་སླེབས་འདུག

“ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དོན་འཁྱོལ་དངོས་འབེབས་བྱེད་ཆེད། དེ་རིང་རང་གི་བསམ་ཚུལ་བཤད་རྒྱུ་ཡིན།”སྐ་དེ་ཡིས་ཁང་པའི་ནང་དུ་མི་ཚོགས་ཀྱིས་བཀང་ཡོད་པར་ལྟ་ཞོར་དུ་འོ་ཇ་ཁམ་གང་འཐུང་རྗེས་སྒྲོག་འགྲེལ་བྱེད་མགོ་བརྩམས་ལ། མཛོ་མོ་སྡེ་བས་ཀྱང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དོན་འཁྱོལ་བྱེད་པའི“འཕེལ་རྒྱས་གཏོང་ཐབས”ཐེངས་ལྔ་པ་ཡི་མགོ་བརྩམས་པ་རེད།

“ཁོར་ཡུག་བཅོས་སྐྱོང་དང་མཛེས་སྡུག་གི་ཞང་གྲོང་འཛུགས་སྐྲུན་ཐད་ཤུགས་འདོན་དགོས། དཔེར་ན་ས་ནག་ཐང་བཅོས་སྐྱོང་གི་ཐད་ནས་བཤད་ན། ལས་ཀ་འདིའི་གལ་ཆེན་རང་བཞིན་རྟོགས་མཁན་ནི་བསོད་ནམས་རྒྱ་མཚོའི་ཡན་ཞིག་མེད།”

རུ་ཁག་གསུམ་པའི་བསོད་ནམས་རྒྱ་མཚོ་ནི་སྡེ་བའི་ནང་གི་རྩྭ་སྲུང་ཡིན་ལ། ཁོས་ལོ་རེར་བཅོས་སྐྱོང་བྱས་པ་བརྒྱུད། ས་ནག་ཐང་གི་གཞི་ཁྱོན་རིམ་བཞིན་ཇེ་ཆུང་དུ་སོང་ཡོད། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དེ་ལྟ་བུ་བྱུང་བ་དེས་ཁོས་བྱ་བ་དེར་གཙིགས་མཐོང་བྱས་ཡོད་པ་ཤེས་ཐུབ།

ཡུད་ཙམ་བསྡད་རྗེས། སྔར་བཞིན་སློབ་སྦྱོང་བྱེད་མགོ་བརྩམས།

“ཞང་གྲོང་ཐོན་ལས་འཕེལ་རྒྱས་གཏོང་བར་ང་ཚོ་རང་སྟེང་གི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་དགོས་ལ། འཕེལ་རྒྱས་གཏོང་བར་ས་གནས་ཀྱི་ཁྱད་ཆོས་ཡོད་དགོས་པར་མ་ཟད། ཚོང་རའི་འགྲན་རྩོད་ནུས་ཤུགས་ཀྱི་ཐོན་ལས་ཀྱང་ཡོད་དགོས”ཞེས་སྐ་དེ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་ནི་ཐོན་ལས་ལ་རག་ལས་ཡོད་པར་སྙམ།

ཁོའི་བསམ་ཚུལ་དེ་སྐལ་བཟང་ཡོན་ཏན་དང་མ་གྲོས་གཅིག་མཐུན་བྱུང་ཡོད།

གཞུང་གི་ངོས་ཐད་ནས། མཛོ་མོ་སྡེ་བས2010ལོར་ཕྱུགས་ལས་མཉམ་ལས་ཁང་ཞིག་བསྐྲུན་པ་དང་། ལོ་ངོ་བཅུའི་རིང་ལ་འབད་པ་བྱས་མཐར་ས་གནས་སུ་མིང་དུ་གྲགས་ཡོད། ན་ནིང་མཉམ་ལས་ཁང་གིས་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བདུན་གྱི་ཁེ་སྤོགས་བགོས་པས། མང་ཚོགས་ཀྱི་བརྩོན་སེམས་རབ་ཏུ་རྒྱས་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཀྱང་སྔར་ལས་ཡངས་པ་རེད།

སྒེར་གྱི་ངོས་ཐད་ནས། སྐལ་བཟང་ཡོན་ཏན་ཚང་ལ་བཟའ་མི9ཡོད་པ་དང་། ཁོའི་རང་ཁྱིམ་གྱི་ནོར་ལུག་འཚོ་བ་ལས་གཞན་ད་དུང་མཉམ་ལས་ཁང་ལའང་མ་རྐང་བཞག་ཡོད་པ་རེད། ལོ་འདི་འགར་མཉམ་ལས་ཁང་གིས་ཤ་སྐམ་དང་ཞོ། མར་བཅས་ལས་སྣོན་བྱེད་མགོ་བརྩམས་པས། མཉམ་ལས་ཁང་དུ་ཞུགས་པའི་རྐང་བདག་གི་ཡོང་སྒོ་ཇེ་མང་དུ་བཏང་ཡོད།

“གྲོལ་རྡལ་གྱི་སྡེ་བ་གཞན་དག་དང་བསྡུར་ན། རང་སྡེ་བའི་མཉམ་ལས་ཁང་འཕེལ་རྒྱས་ཕྱིན་པ་ལེགས་པས། ངས་མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་བསྐྱེད་དེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ནུས་པ་འདོན་དགོས་པར་བསམ་ཡོད།”

སྐ་དེ་ཡིས་ཚང་མ་སྐལ་བཟང་ཡོན་ཏན་གྱི་བསམ་ཚུལ་ལ་འཐད་པ་བྱུང་བ་ཤེས་འཕྲལ། འབྲི་དེབ་ཀྱི་སྟེང་དུ་ཟིན་བྲིས་བཏབ་ཅིང་གནད་དོན་རྗེས་མ་བཤད་མགོ་བརྩམས།

“ཚང་མའི་ཡོང་སྤར་ཕྱུག་བསྒྱུར་གྱི་ལམ་བུ་རྒྱ་བསྐྱེད་པ་དང་། ཞིང་ཁྱིམ་ཆུང་ཆུང་གིས་མཉམ་ལས་ཁང་གཉེར་ནས་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱེད་དགོས། དེའི་ཕྱོགས་ནས་རུ་ཁག་གཉིས་པའི་སྐལ་བཟང་རྡོ་རྗེ་ཡིས་བདག་གཉེར་བྱས་པའི་ཁྱིམ་ཚང་ཕྱུགས་རར་བལྟས་ཆོག ལོ་འདི་འགའི་འཕེལ་རྒྱས་ཧ་ཅང་བཟང་། དེ་བས་ང་ཚོས་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣའི་ནུས་པ་འདོན་དགོས།”

སྐབས་དེར་མི་ཚོགས་ཀྱི་ཁྲོད་དུ་མི་ཞིག་གིས“དེས་ན་དྲ་ལམ་ནས་ཐད་གཏོང་བྱེད་ཆོག་པ་ཨེ་རེད། འུ་ཚོའི་མར་དང་ཞོ་ཕྱིར་བཙོང་ཐུབ་བམ”ཞེས་དྲིས་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།