ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དེ་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་མཐོར་འདེགས་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་ལ་རོགས་ཤུགས་འདོན་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་སྒུལ་ཤུགས་སུ་བརྩིས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་མེད་པ་ནས་སླར་གསོ་དར་སྤེལ་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་། ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བའི་ཐད་རྒྱུན་མཐུད་སྒོས་ཤུགས་བཏོན་ལ། ཁུལ་དང་རྫོང་གིས་སྐུལ་སྤེལ་དང་ཞིང་སྡེ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཡུལ་བབ་དང་བསྟུན་པ་དང་སྡེ་བར་དམིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། མཚོ་བྱང་གི་རོང་འབྲོག་ཁུལ་གྱི་དངོས་ཡོད་དང་འཚམ་པའི་འཕེལ་རྒྱས་དཔེ་དབྱིབས་སྣ་མང་ཅན་ཧུར་ཐག་གིས་འཚོལ་ཞིབ་བྱས།
རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། མ་ལག་འཆར་འགོད་རྒྱུན་འཁྱོངས་བྱས་པ།
མཚོ་བྱང་ཁུལ་ཏང་ཨུས《མཚོ་བྱང་ཁུལ་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་མེད་པ་ནས་སླར་གསོ་དར་སྤེལ་གཏོང་བའི་བཟོ་འགོད་ལག་བསྟར་བྱེད་པའི་བསམ་འཆར》གཏན་འབེབས་བྱས་པ་དང་། ལོ་གཅིག་ནང་ཡོང་སྒོ་མེད་པའི་རྣམ་པ་གཙང་སེལ་དང་ལོ་གཉིས་ནང་སྲ་བརྟན་མཐོར་འདེགས་སུ་གཏོང་བ། ཡང་ལོ་གཉིས་ནང་སྤུས་འདེགས་སླར་གསོ་བཅས་བྱེད་པའི“ལོ་ལྔའི་གོམ་བགྲོད་གསུམ”གྱི་དམིགས་འབེན་བྱེད་ཐབས་གསལ་པོར་བཏོན་ཏེ། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་དམ་པོ་བྱས་ཐོག མཉམ་དུ་འཆར་འགོད་དང་སྐུལ་འདེད་བྱས། “ཁུལ་རིམ་པས་གཅིག་གྱུར་འཆར་འགོད་ལེགས་འཛིན་དང་རྫོང་རིམ་པས་སྤྱིའི་འགན་འཁུར་བ། ཞིང་སྡེ་རིམ་པས་དངོས་འབེབས་དམ་འཛིན་བྱེད་པའི”རིམ་བགར་འགན་འཁྲིའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། གཞུང་དུ་ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞི་ཡིས་མཉམ་འཛིན་སྤྱི་སྒྲུབ་བྱེད་པ་དང་། འཕྲེད་དུ་རྩ་འཛུགས་དང་འཕེལ་རྒྱས་བཅོས་བསྒྱུར། ཞིང་ཕྱུགས། གྲོང་གསེབ་དར་སྤེལ། ནོར་སྲིད་སོགས་སྡེ་ཁག་གིས་མཉམ་དུ་ཤུགས་འདོན་པའི་ལངས་གཟུགས་འགན་འཁྲིའི་མ་ལག་བསྐྲུན།
ཁུལ་རིམ་པའི་འགོ་ཁྲིད་ཀྱིས་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནང་རྐྱེན་རྒྱུན་མཐུད་ཀྱིས་སྐུལ་འདེད་བྱས་པ་དང་། ཞིང་སྡེར་བསྐྱོད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ལྟ་སྐུལ་དང་བརྟག་དཔྱད་བྱས་པར་མ་ཟད། རྫོང་དང་ཡུལ་ཚོའི་འགོ་ཁྲིད་ལས་བྱེད་པ་རྗེས་འདེད་དོན་འཁྱོལ་བྱས་ཏེ། སྤྱི་ཁོག་མཛུབ་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན། མདོ་ལ་རྫོང་གིས“སྡེ་བ་རེར་སྲིད་ཇུས་རེ་དང་སྡེ་བ་རེར་ཐོན་ལས་རེ”ཡི་འཕེལ་རྒྱས་ཐབས་ལམ་ལྟར།“སྐོར་གཅིག་ཅན་ལྔ”ཡི་འཕེལ་རྒྱས་དཔེ་དབྱིབས་ཧུར་ཐག་གིས་ཁྱབ་སྤེལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་དང་ཞིང་སྡེའི་ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་དེ་མིན་ཞབས་ཞུའི་ལས་རིགས་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་གྱིས“སླར་གསོ་དར་སྤེལ”ཡོང་བར་སྐུལ་སྤེལ་བྱས་པས། རྫོང་ཡོངས་སུ་ལོ་རེའི་ཡོང་སྒོ་སྒོར་འབུམ་གསུམ་ཡན་གྱི་སྡེ་བ55.6%ལ་སླེབས།
ཡུལ་བབ་དང་བསྟུན་པར་དོ་སྣང་བྱས་ཏེ། སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།
རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་སྣུམ་བཙག་བཟོ་གྲྭར་སོང་བ་ན། ལས་བཟོ་པ་ཚོས་ཚ་ཚ་འུར་འུར་གྱིས་ལོག་དཀར་ལས་སྣོན་བྱེད་ཀྱིན་འདུག་ལ། སེར་ལམ་ལམ་བྱེད་པའི་ལོག་དཀར་སྣུམ་ཟོམ་རེ་རེ་ཤོག་སྒམ་དུ་བཅུག་ནས་བཟོ་གྲྭའི་སྒོར་འདྲེན་བཞིན་འདུག དགོན་གོང་མ་སྡེ་བས་ལོག་དཀར་འདེབས་འཛུགས་དང་ཞིང་ལས་འཕྲུལ་ཆས་བོགས་མར་གཏོང་བ་དང་ལོག་དཀར་སྣུམ་ལས་སྣོན་བྱེད་པ། ཞིང་ལས་ཐོན་རྫས་ཚོང་རར་བོགས་མར་གཏོང་བ། རྐང་ཐང་ཁྲོམ་ར་འཛུགས་སྐྲུན་དང་ཚོང་ཁང་བོགས་མར་གཏོང་བ་སོགས་སྣ་མང་ཐོན་ལས་འཕེལ་རྒྱས་བཏང་བར་བརྟེན། 2022ལོའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་འབུམ་དྲུག་ལ་སླེབས།
མཚོ་བྱང་ཁུལ་གྱིས“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ། སྐྱེ་ཁམས་ཕྱུགས་ལས་དང་ཞིང་སྡེའི་ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་དེ་མིན་ཞབས་ཞུ་ལས་རིགས་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། སྡེ་བ་དང་ཁེ་ལས་མཉམ་ལས་ཅན་དང་ཐོན་ལས་སྐུལ་སྤེལ་ཅན། བོགས་གཏོང་ཁེ་ཕན་ཅན། རྐང་འཇོག་ཁེ་སྤོགས་ཅན། ཁྱད་ལྡན་དངོས་གཟུགས་ཅན། གནས་སྐོར་ཞབས་ཞུ་ཅན་སོགས་ཏང་གི་འཛུགས་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་དབྱིབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།
“སྡེ་བ་རེར་ཐོན་རྫས་རེ”རྒྱུན་འཁྱོངས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི504ལག་བསྟར་བྱས་ལ། དེའི་ཁྲོད་དུ་འདེབས་འཛུགས་གསོ་སྤེལ་ལས་རིགས་གཙོ་བོ་ཡིན་པའི་ཐོན་ལས་དང་པོ235ཡོད་པ་དང་། ལས་སྣོན་བཟོ་སྐྲུན་ལས་རིགས་གཙོ་བོ་ཡིན་པའི་ཐོན་ལས་གཉིས་པ9ཡོད་ལ། ཞིང་སྡེའི་གནས་སྐོར་དང་ཁྱིམ་ལས་སོགས་ཞབས་ཞུ་ལས་རིགས་གཙོ་གནད་ཡིན་པའི་ཐོན་ལས་གསུམ་པ260བཅས་ཡོད་པས། དེས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བར་མ་ཟད། རོང་འབྲོག་པའི་ཡོང་སྒོའང་ཇེ་མང་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོར་བཏང་།
གོང་འོག་མཉམ་འགུལ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་སྤུས་ཚད་ཇེ་མཐོར་བཏང་བ།
མིན་ཡོན་རྫོང་ནུབ་ཐང་ཡུལ་ཚོ་སྤེན་མ་ཐང་སྡེ་བས“མེ་ཧུའུ་ཟློས་གར”གྱི་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ“ནུབ་ཐང་ཡུལ་ཚོ་སྤེན་མ་ཐང་སྡེ་བའི་ཞིན་ཝང་མེ་ཧུའུ་ཟློས་གར་ཚོགས་པའི་ཀུང་སི”བཙུགས་ཏེ།“ཏང་ཀྲི་པུའུ་དང་ཀུང་སི། མང་ཚོགས”ཀྱི་འཁོར་སྐྱོད་དཔེ་དབྱིབས་ཀྱིས་སྡེ་བའི་ཐུན་མོང་ལ་ཡོང་སྒོ་སྒོར་ཁྲི6ལྷག་བཙལ་བ་དང་། ཟློས་གར་ཚོགས་པའི་འཁྲབ་སྟོན་མི་སྣའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི2ལྷག་ཡོད་པས། སྡེ་བ་ཐུན་མོང་དང་མི་སྒེར་གཉིས་ཀར་ཕན་བདེ་བསྐྲུན་ཐུབ་པ་བྱུང་།
མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་ནོར་སྲིད་དང་འཕེལ་རྒྱས་བཅོས་བསྒྱུར། ཞིང་ཕྱུགས་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ《སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི“སླར་གསོ་དར་སྤེལ”སྐོར་གྱི་བྱེད་ཐབས་འགའ》གཏན་འབེབས་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་ཁོངས་སུ་བཞག་ཅིང་། རྫོང་དང་ཡུལ་ཚོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་གཞི་རིམ་ཏང་གི་འཛུགས་སྐྲུན་ལེགས་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་དེ་དཔྱད་གླེང་གི་ནང་དོན་གཙོ་བོར་བརྩིས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ཇེ་བརྟན་དུ་བཏང་།
རྩ་འཛུགས་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཁག་ཐེག་བརྟན་པོ་མཁོ་སྤྲོད་བྱས་པ།
ཏང་གི་འཛུགས་སྐྲུན་སྟོབས་དང་ལྡན་ན། འཕེལ་རྒྱས་ཕྱིན་པ་ཧ་ཅང་མགྱོགས།
ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏ་སྡེ་བས་ཐོག་མཐའ་བར་གསུམ་དུ་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། “ཧེ་ཡན་ཏུང་ཏ་དམངས་ཕྱུག་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང”བཙུགས་པ་དང་། ཤ་མོ་འདེབས་གསོ་ཚོད་ལྟ་ལེགས་འགྲུབ་བྱུང་རྗེས། ཆེད་ལས་དྲོད་ཁང་དང་འཕྲུལ་ཆས་ཅན། གཞི་ཁྱོན་ཅན་གྱི་ཚད་གཞི་མཐོན་པོའི་སྦྲེལ་ཐག་རྣམ་པའི་ཐོན་སྐྱེད་འཁོར་ཁང་བསྐྲུན་པས། ཤ་མོའི་ཐོན་འབབ་ཀྱི་ནུས་ཚད་ཇེ་མཐོར་ཕྱིན།
དེ་ལས་གཞན། མི་ཕྱུགས་ལོགས་འབྱེད་ཀྱི་གཅིག་བསྡུས་གསོ་སྤེལ་དང་ཕྱུགས་ཟོག་བརྗེ་རེས་ས་གནས་གསར་སྐྲུན་བྱས་ཏེ། ལོ་རེའི་དུས་ཚིགས་རེར་ནོར་ལུག་ཕྱིར་འཚོང་གི་བྱེད་ཐབས་རྙིང་པར་བཅོས་བསྒྱུར་བྱས་ལ། དུས་ཚིགས་བཞི་བོར་ནོར་ལུག་ཆ་སྙོམས་ཀྱིས་བཤས་རར་གཏོང་བའི་ལམ་བུར་བསྐྱོད་མགོ་བརྩམས། ས་ཞིང་འཁོར་རྒྱུག་བྱེད་པར་ཧུར་ཐག་གིས་ཚོད་ལྟ་བྱས་པ་དང་། སྡེ་བ་ཡོངས་ཀྱི་ས་ཞིང་མུའུ3890ཆེད་ལས་མཉམ་ལས་ཁང་གིས་ཚབ་གཉེར་འདེབས་འཛུགས་བྱས་ལ། སོ་ནམ་གྱི་ལས་ཀ་ཡང་མཉམ་ལས་ཁང་ལ་སྤྲད་པར་མ་ཟད། ལོ་མཇུག་ཏུ་སྡེ་མི་ཚོས་ཁེ་སྤོགས་བགོས་ཆོག གཞན་ད་དུང་ཁོམ་སྐལ་བཙལ་ནས་གསོ་སྤེལ་བྱེད་པ་དང་ཕྱི་ནས་གླ་བརྒྱབ་སྟེ་ཡོང་འབབ་འཕར་སྣོན་གྱི་ལམ་བུ་སྔར་ལས་རྒྱ་བསྐྱེད། ལོ་འགའི་རིང་ལ་འབད་པ་བྱས་མཐར། ཤ་མོ་རིགས་ཀྱི་འདེབས་འཛུགས་ཐོན་ལས་དང་ཕྱུགས་ཟོག་གསོ་སྤེལ་ལས་རིགས་རིམ་བཞིན་གཙོ་ཁྲིད་ཐོན་ལས་སུ་གྱུར་པ་དང་། སྡེ་བའི་ཐུན་མོང་གི་ལོ་རེའི་དཔལ་འབྱོར་ཡོང་སྒོ་སྒོར་འབུམ་གསུམ་དང་ཁྲི་ལྔ་ལ་སླེབས་ཏེ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལམ་བུར་ཞུགས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།