ཚང་ཚིང་སྟུག་པོའི་ནགས་ཚལ་ན། དམངས་རྣམས་སྐྱིད་པའི་དཔལ་ལ་རོལ།
2023.04.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

ཉེ་ལམ་གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རྒྱ་ཏིག་གྲོང་རྡལ་གླང་ཐུབ་སྡེ་བར་སོང་བ་ན། རི་བོ་མང་པོས་མཐའ་བཞི་བསྐོར་ཞིང་ཡུལ་ལྗོངས་ལྟ་ན་སྡུག རི་རྩེའི་ཐང་ཤིང་གནམ་ལ་ཟུག་ཅིང་རི་སྐེད་དུ་ཚང་ཚིང་སྟུག་པོའི་ནགས་ཚལ་གྱིས་ཁེབས་ཤིང་། རི་ངོས་སུ་ནོར་ལུག་གང་སར་ཁྱབ་ལ། རི་འདབས་སུ་དྭངས་གཙང་གི་འཇུ་ལག་ཆུ་བོ་ཤར་དུ་བཞུར་གྱིན་གདའ། བོད་རིགས་དང་ཧོར་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་མི་རབས་ནས་མི་རབས་སུ་བྱང་རི་རྒྱལ་ཁབ་སྤྱི་གླིང་དུ་གཞིས་ཆགས་ཏེ། མདོ་ལ་རིང་མོའི་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་སྲུང་ཡོལ་ལོ་ངོ་མང་པོར་བསྲུངས་པས། ཡུལ་འདིའི་རི་བོ་དང་ཆུ་བོ། མི་རྣམས་ནམ་ཡང་འཆམ་མཐུན་ངང་གནས་ཡོད།

སྡེ་བའི་ནང་དུ“ལྷན་འཛོམས་རི་གྲོང”དང“ཚོགས་དྲུག་རི་གྲོང”། “བཀྲ་ཤིས་རྟགས་བརྒྱད”།“འགྲུལ་འཛོམས་འགྲུལ་ཁང”སོགས་ཞིང་པའི་སྤྲོ་སྐྱིད་ཁང་མང་པོ་ཡོད་དེ། ཁྱིམ་ཚང་རེ་ལ“ཞིང་པའི་སྤྲོ་སྐྱིད་ཁང”དང“ཕྱུགས་ར་ཆུང་ཆུང”རེའི་མཛེས་ཉམས་ཤིག་ཤར་ཡོད།

མིང་ལ“ཚེར་ལུང་གྲམ་པ”ཞེས་པའི་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་ཏུ་སོང་བ་ན། ཁང་མིག“ཚད་ལྡན་ཅན”ཉི་ཤུ་ལྷག་དམར་ལམ་ལམ་གྱི་གློག་སྒྲོན་དང་ཚོན་མདངས་སྣ་མང་གི་ཤོག་གདུགས་ཀྱིས་བརྒྱན་པ་མཐོང་། ཁོད་ཡངས་ལ་མཐོང་གསལ་བའི་ར་སྐོར་ནང་དུ་དུས་རབས་གསར་པའི་བོད་ཁྱིམ་གྱི་འཚོ་བའི་སྐྱིད་ཉམས་ཤར་འདུག

དེ་ནི་ཞིང་པའི་སྤྲོ་སྐྱིད་ཁང་ཡིན་པར་མ་ཟད་འགྲུལ་ཁང་ཡང་ཡིན་ལ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་བསོད་ནམས་ཚེ་རིང་གི་ཁྱིམ་རེད། ལོ་ངོ་བཅུ་ལྷག་ལ་གཉེར་བའི“ཐོབ་ཐང་མང་པོ”ཅན་གྱི་ར་སྐོར་འདིའི་ཚོང་ཧ་ཅང་བྲིན་གྱིན་ཡོད།

ལོ་ངོ་བཅུའི་ཡར་སྔོན་དུ། པད་བསོད་ནམས་ཚེ་རིང་ཚང་རི་སྒང་དུ་ཡོད་ལ་སྐབས་དེར་གནམ་ལ་བརྟེན་ནས་འཚོ་བ་རོལ་དགོས།

“རི་སྒང་དུ་ཡོད་དུས་ཕྱུགས་རྫི་བྱེད་རྒྱུ་ལས་ཐབས་གཞན་མེད་ལ། རང་འབབ་ཆུ་མེད་པས་ཆུ་འཁུར་དུ་འགྲོ་དགོས། འགྲིམ་འགྲུལ་སྟབས་བདེ་མིན་པར་རྐང་ལམ་ཕྲ་མོ་ཞིག་ལས་མེད་པས། ནོར་ལུག་རིན་གོང་ལེགས་པོ་ཞིག་ཏུ་བཙོང་མི་ཐུབ། བྱིས་པ་སློབ་གྲྭར་འགྲོ་བར་དེ་ལས་ཀྱང་དཀའ་ཁག་ཆེན་པོ་ཡོད་དེ། སློབ་གྲྭའི་དགེ་རྒན‘ཉིན་གསུམ་ལ་གཅིག་བརྗེ་བ’དང་། སློབ་མ་རྣམས‘ཉིན་གསུམ་ལ་སློབ་གྲྭར་ཡོང་ན་ཉིན་གཉིས་ལ་མི་ཡོང’བས། ཤེས་བྱ་སློབ་མི་ཐུབ”ཅེས་པད་བསོད་ནམས་ཚེ་རིང་གིས་བཤད་པའི“དཀའ་སྡུག་གི་འཚོ་བ”དེ་ནི་རི་སྒང་དུ་སྡོད་པའི་ཁྱིམ་ཚང25ཡི་སེམས་ཀྱི་སྡུག་བསྔལ་དུ་གྱུར་ཡོད།

2011ལོར། ཧུའུ་ཀྲུའུ་རྫོང་གིས་གནས་སྤོར་དབུལ་སྐྱོར་གྱི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁྱིམ་ཚང25པོ་རི་འདབས་སུ་གནས་སྤར། སྐབས་དེར་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གླང་ཐུབ་ལྗོངས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཤིན་ཏུ་དར་གྱིན་ཡོད་པས། གནས་སྤོར་སྡེ་མིའི་འཚོ་བའི་གནས་བབ་ཇེ་ལེགས་སུ་གཏོང་ཆེད། ཡུལ་དེའི་སྲིད་གཞུང་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། གནས་སྤོར་ཁྱིམ་ཚང་རེར་ཐོན་ལས་འཕེལ་རྒྱས་ཀྱི་མགོ་རྩོམ་མ་དངུལ་སྒོར་ཁྲི་ལྔ་དང་སྟོང་ལྔ་རེ་བྱིན།

གོང་གི་སྒོར་མོ་འདི་ལ་བརྟེན་ནས་གླང་ཐུབ་སྡེ་བའི་ཁྱིམ་ཚང117ཁྲོད་ཀྱི་ཁྱིམ་ཚང31གིས་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེ་ཞིང་གཞན་རྣམས་ཀྱིས་འགྲུལ་ཁང་དང་ཁྱིམ་ཚང་གི་ཕྱུགས་ར་གཉེར་སྐྱོང་བྱས། ཁྱིམ་ན་ཁོམ་ཡོད་པའི་རྒན་པ་རྣམས་ཀྱང་རི་མགོར་འགོས་ནས་རི་སྐྱེས་སྔོ་ཚོད་བཏུས།

པད་བསོད་ནམས་ཚེ་རིང་གིས་བཤད་པ་ལྟར་ན“དྭངས་གསལ་དུས་ཆེན་གྱི་རྗེས་སུ། ཚང་མར་བྲེལ་འཚུབ་ཆེ་བས། སྡེ་བའི་ནང་དུ་མི་མེད། ”

“གང་ལ་བྲེལ་བ་ཡིན་ནམ།”

“དཔྱིད་ཀར་རི་མགོ་རུ་དབྱར་རྩྭ་བརྐོ་བ་དང་ཤ་མོ་འཐུ་བ་ཡིན། དབྱར་སྟོན་གཉིས་ཀར་ཡུལ་སྐོར་པ་སྣེ་ལེན་བྱེད་པ་དང་རི་མགོ་རུ་ཕྱུགས་ཟོག་འཚོ་བ། དགུན་ཁར་རི་སྐྱེས་སྔོ་ཚོད་འཚོང་བ་དང་ནོར་ལུག་ཕྱུགས་ཁང་དུ་བསྐྱིལ་ནས་གསོ་བ་སོགས་ལོ་གཅིག་གི་དུས་ཚིགས་བཞི་པོར་སྡེ་མི་ཚང་མར་ལས་རྒྱུ་ཡོད་ལ། གང་ནས་ཀྱང་སྒོར་མོ་བཙལ་ཐུབ་པས་ཁྱིམ་ཚང་ཡོད་དོ་ཅོག་ཕྱུག་པོར་གྱུར་ཡོད།”

ཞིང་པའི་སྤྲོ་སྐྱིད་ཁང་གི་འཕེལ་རྒྱས་གླེང་དུས། པད་བསོད་ནམས་ཚེ་རིང་གི་གདོང་དུ་དགའ་བའི་འཛུམ་མདངས་ལྷུག་ལྷུག་གྲོལ་བཞིན་བཤད་རྒྱུར། “ཡུལ་སྐོར་དུས་གཞུང་སླེབས་ཐེངས་རེར་སྡེ་མི་རྣམས་ཀྱིས་ཡུལ་སྐོར་པ་སྣེ་ལེན་བྱེད་དགོས་ལ། ཉིན་གཅིག་ལ་འགྲུལ་བ་ཅོག་ཙེ20ཙམ་རེ་སྣེ་ལེན་བྱེད་ཐུབ་པའི་དུས་ཀྱང་ཡོད། སྐབས་འགར་ཞིང་ཆེན་ཕྱིའི་མཛེས་རྩལ་སློབ་གླིང་གི་སློབ་མ་ཡུལ་དངོས་སུ་རི་མོ་འབྲི་རུ་ཡོང་བ་དང་ཡོང་ཐེངས་རེར་མི་བརྒྱ་ཕྲག་འགའ་རེ་ཡོད་པ་དང་། སྡེ་བའི་ནང་གི་ཞིང་པའི་སྤྲོ་སྐྱིད་ཁང་དང་དམངས་ཁྲོད་འགྲུལ་ཁང་གི་ནང་དུ་མི་ཡིས་ཁེངས་འགྲོ་བས། ཡུལ་སྐོར་པ་ཐར་ཐོར་དུ་ཡོང་མཁན་རྣམས་སྣེ་ལེན་བྱེད་དཀའ། དེའི་ཁར་ནོར་ལུག་འཚོ་བ་དང་རི་སྐྱེས་སྔོ་ཚོད་བཙོངས་པའི་ཡོང་སྒོ་བསྣན་ན་ལོ་གཅིག་ལ་ཧ་ལམ་སྒོར་འབུམ་གཉིས་ཡས་མས་ཡོད་པས། སྔོན་ཆད་དང་བསྡུར་ན་ཡོང་སྒོ་ལྡབ་གཅིག་ཙམ་འཕར་ཡོད། འཚོ་བའི་ཁོར་ཡུག་ཇེ་ལེགས་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བས། བྱིས་པའི་སློབ་གསོར་སྔར་ལས་མཐོང་ཆེན་བྱེད་དགོས་པ་དང་། རྒྱུ་ནོར་གྱིས་ཕྱུག་པ་ལས་ཀླད་པ་ཕྱུག་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་མཐོང་ཆེན་བྱེད་དགོས་པ་སོགས་ཀྱི་གནས་ལུགས་རྟོགས་ཡོད། རྒྱུ་མཚན་ནི་ང་ཚོའི་རྒྱུ་ནོར་ཡོངས་རྫོགས་ལྗང་མདོག་གི་རི་བོས་བསྩལ་བས་ཡིན།”

སྡེ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། “ཞིང་པའི་སྤྲོ་སྐྱིད་ཁང”དང“ཁྱིམ་ཚང་ཕྱུགས་ར”། “དམངས་ཁྲོད་འགྲུལ་ཁང”སོགས་ཀྱི་ཕྱུག་བསྒྱུར་ཐོན་ལས་གླང་ཐུབ་སྡེ་བ་ནས་རྩ་བ་ཚུགས་ཤིང་ཡན་ལག་རྒྱས་པ་དང་། སློབ་གྲྭ་དང་སྨན་ཁང་། རང་འདེམས་ཚོང་ཁང་སོགས་ཅི་དགོས་ཚང་ལ། སྤྱི་སྤྱོད་སྒྲིག་བཀོད་ཀྱང་འཐུས་ཚང་ཡིན་པས། གླང་ཐུབ་སྡེ་བའི་འགྱུར་ལྡོག་དེ་ནི་དུས་རབས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཡིན་ལ། གྲོང་གསེབ་དར་སྤེལ་གྱི་རྒྱབ་ལྗོངས་འོག་ཏུ་དམངས་ཡོངས་འབྱོར་ཕྱུག་ཡོང་བའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཀྱང་དེ་ལས་གཞན་མེད།

གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཐོག་མར་ཐོན་ལས་དར་སྤེལ་གཏོང་དགོས་པ་དང་། ཐོན་ལས་དར་སྤེལ་གཏོང་དགོས་ན་ཁྱད་ལྡན་ཐོན་ལས་ཆེ་སྒྲུབ་ལེགས་སྒྲུབ་བྱེད་དགོས།

གླང་ཐུབ་སྡེ་བའི་ཁྱད་ལྡན་ཐོན་ལས་དེ་ཆུང་བ་ནས་ཆེ་བ་དང་གཉོམ་ཆུང་ནས་སྟོབས་ལྡན། ཐར་ཐོར་ནས་གཅིག་བསྡུས་བཅས་སུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཞིག་འཚོལ་སྙེག་བྱེད་ཆེད། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་གང་མགྱོགས་ཀྱིས་སྐུལ་འདེད་བྱས། 2022ལོར་རྒྱ་ཏིག་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གླང་ཐུབ་སྡེ་བ་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་གནས་སུ་བརྩིས་ཏེ། འཆར་འགོད་ཞིབ་མོ་དང་ཚད་གཞི་མཐོན་པོའི་ཇུས་འགོད་བྱས་པ་བརྒྱུད་ཁྱད་ལྡན་དམངས་ཁྲོད་འགྲུལ་ཁང་བསྐྲུན་པ་དང་། དམངས་ཁྲོད་འགྲུལ་ཁང་གི་རིམ་པ་ཇེ་མཐོར་བཏང་སྟེ་འགྱེད་འཕྲོ་དང་དཔེ་སྟོན། སྣེ་འདྲེན་བཅས་ཀྱི་ནུས་པ་ཐོན་དུ་བཅུག

རྒྱ་ཏིག་གྲོང་རྡལ་གྱི་འགོ་གཙོ་ཧི་ཡུའེ་ཀོས་ཀྱིས“ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་རང་སྤུས་དང་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས། ཐུན་མོང་མ་ཡིན་པའི་མཁའ་དབུགས་དང་ཁོར་ཡུག་བཅས་ལ་བརྟེན་ནས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་བཅས་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་པ་དང་། ལྗང་མདོག་གི་ལམ་དུ་བསྐྱོད་པ་དང་སྐྱེ་ཁམས་ཀྱི་ཟོང་རྟགས་བཀོལ་བ། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ལེགས་པོ་ཞིག་བྱས་པ་བཅས་ཀྱིས། གླང་ཐུབ་སྡེ་བ་དེ་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་། ཕ་ཡུལ་དྲན་པའི་གདུང་བ་སེལ་ཐུབ་པའི་དམངས་ཁྲོད་འགྲུལ་ཁང་གི་ཉམས་ལེན་བྱེད་ས་ཆེས་ལེགས་པོ་ཞིག་ཏུ་བསྐྲུན་ཅི་ཐུབ་བྱས་ཏེ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།