མང་ཚོགས་ལམ་ཕྱོགས་དེ་བརྟག་ཞིབ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས།
2023.04.21 ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 29

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་པར“མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་ལག་ལེན་གྱི་ཁྲོད་དུ་སྐྱོད་པ་རྒྱུན་འཁྱོངས་ཀྱིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་ཚུལ་དང་། སེམས་ཁྲལ། རེ་སྒུག་བཅས་ཤེས་རྟོགས་བྱས་ཏེ། གནས་ཚུལ་ངོ་མ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས”ཞེས་བསྟན་ཡོད།  ཡང་དག་ཅིང་ཚན་རིག་དང་མཐུན་པའི་ཐབས་ཇུས་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཁ་འབྲལ་ཐབས་མེད་ཅིང་། བརྟག་དཔྱད་ཞིབ་འཇུག་ལ་ཕན་འབྲས་དངོས་ཐོན་དགོས་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བའི་རྩ་དོན་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་ཀྱི་ལྟ་བ་རྒྱུན་འཁྱོངས་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་སྐྱོད་དགོས།

མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་གཞི་རྩའི་བྱ་བའི་ལམ་ཕྱོགས་ཡིན་ཞིང་། བརྟག་དཔྱད་ཞིབ་འཇུག་ནི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བྱེད་དགོས།   ང་ཚོས་བརྟག་དཔྱད་ཞིབ་འཇུག་དེ་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་སྐྱོད་པར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩིས་ནས། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད།  དམངས་སེམས་དང་དམངས་འདུན་ཁོང་དུ་ཆུད་པར་བྱེད་པ་དང་།  དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། མང་ཚོགས་ཀྱི་འབོད་སྒྲར་ཟོལ་མེད་ངང་ཉན་པ། མང་ཚོགས་ཀྱི་རེ་འདུན་དངོས་སུ་མཚོན་པ། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་གཏིང་ནས་སེམས་ཁུར་བཅས་བྱས་ཏེ།  མི་དམངས་ལ་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས།

མང་ཚོགས་ལམ་ཕྱོགས་དེ་བརྟག་དཔྱད་ཞིབ་འཇུག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར། “མི་དམངས་དགེ་རྒན་ལ་བསྟེན་པ་དང་མི་དམངས་ལ་སློབ་སྦྱོང་བྱེད་པའི” ཁྲིད་ཕྱོགས་གསལ་པོ་བརྟན་པོར་འཛུགས་དགོས། སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་དངོས་དང་། འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགོག་རྐྱེན། ལས་བྱེད་པའི་འགན་སྒྲུབ་ཁྲོད་ཀྱི་མི་འདང་ས་བཅས་ནི་མི་དམངས་མང་ཚོགས་ཀྱིས་རྒྱུས་མངའ་ཆེ་ཤོས་ལོན་པའི་གནས་ཚུལ་དངོས་དང་རྟོགས་སླ་ཤོས་ཀྱི་གནད་དོན་ཞིག་རེད། གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཡོད་པས།  གཞི་རིམ་གྱི་དཔེ་མཚོན་དང་ཉམས་མྱོང་ནི་ས་གནས་ཀྱི་གནས་ཚུལ་དངོས་ཤེས་རྟོགས་དང་། ཐབས་ཇུས་བསམ་ཕྱོགས་གསལ་འབྱེད། ལས་སྒྲུབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད།

མང་ཚོགས་ལམ་ཕྱོགས་དེ་བརྟག་དཔྱད་ཞིབ་འཇུག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར།  སེམས་ཤུགས་ཡོད་ཚད་འདོན་དགོས་པའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་སྐྱོད་པར། མང་ཚོགས་དང་ཉེ་བཅར་བྱེད་དགོས་ལ་དེ་བས་ཀྱང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་དགོས་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས་ལ་དེ་བས་ཀྱང་མང་ཚོགས་ཀྱི་བློ་ལ་བབས་པར་བྱེད་དགོས། འདི་ནི་འགག་རྩའི་ཉུང་ཤས་ལ་བཏོན་པའི་བླང་བྱ་ཡིན་ལ་ཆེས་མང་ཆེ་བར་བཏོན་པའི་བླང་བྱའང་རེད། དཀའ་ངལ་ཅུང་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་རྣོ་ངར་ལྡན་པ་བཅས་ཀྱི་ས་ཆར་རང་འགུལ་ངང་བསྐྱོད་དེ་དཀའ་གནད་འཚོལ་ཞིབ་དང་སེམས་ཐག་གཙང་བཅད་ཀྱིས་འགག་གནད་ཐག་གཅོད་བྱས་ཏེ། གནད་དོན་ཡུལ་དངོས་ནས་ཤེས་རྟོགས་ཐུབ་པ་དང་། ཐབས་ཇུས་ལ་ཡུལ་དངོས་ནས་ཞིབ་འཇུག་བྱེད་པ།  དཀའ་གནད་ཡུལ་དངོས་ནས་ཐག་གཅོད་བྱེད་པ།  ཞན་ཆ་ཡུལ་དངོས་ནས་སེལ་བ་བཅས་བྱས་ཏེ། བརྟག་ཞིབ་གྲུབ་འབྲས་ཀྱིས་རྣག་ཐོག་བཙག་འཁེལ་དང་གནད་དོན་ཐག་གཅོད་ཐུབ་པར་བྱེད་དགོས།

མང་ཚོགས་ལམ་ཕྱོགས་དེ་བརྟག་དཔྱད་ཞིབ་འཇུག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར། མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེའང་ལག་བསྟར་གྱི་ཚད་གཞིར་འཛིན་དགོས། བརྟག་དཔྱད་ཞིབ་འཇུག་གི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།  སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པ་ཡིན་པས།   རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དེའི་ཕན་འབྲས་ཇི་འདྲ་བྱུང་མིན་ཐད་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ལྡན་ལ་གཏམ་བཤད་དབང་ཆ་ཆེན་པོའང་ལྡན་ཡོད། མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་བརྟག་དཔྱད་ཞིབ་འཇུག་གི་ཚད་གཞིར་བཟུང་སྟེ། མང་ཚོགས་ལ་དམིགས་ནས་གནད་དོན་ལ་ལྟ་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱེད་པ་དང་། བརྟག་ཞིབ་ཁྲོད་ཐོན་པ་དང་ཤེས་རྟོགས་བྱུང་བའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ནས་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་བཟོ་བ་དང་། ཐག་གཅོད་བྱེད་ཐབས་དང་། འགན་འཁྲིའི་ཚན་པ། འགན་འཁྲི་འཁུར་མཁན། ལེགས་སྒྲུབ་དུས་བཅད་བཅས་རེ་རེ་བཞིན་བཏོན་ཏེ། གནད་དོན་ཐག་གཅོད་བྱེད་མ་ཐུབ་ན་ལྷོད་གཡེང་མི་བྱེད་པ་དང་ཐག་གཅོད་མཐར་ཕྱིན་བྱེད་མ་ཐུབ་ན་ལྷོད་གཡེང་མི་བྱེད་པ་བཅས་བྱས་ཚེ། བརྟག་དཔྱད་ཞིབ་འཇུག་དེ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་ཤུགས་སྣོན་བྱེད་ས་གཅིག་མཚུངས་དང་ཁ་ཕྱོགས་གཅིག་མཐུན་ཡོང་བར་བྱེད་ཐུབ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།