ལྕི་བ་ནི་གཅིག་སྒྲིལ་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བའི་ཐོན་ཁུངས་སུ་གྱུར།
2023.05.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 རྩྭ་ཐང་དུ་རྒྱུན་པར་མཐོང་ཐུབ་པའི་ལྕི་བ་ཡང་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་པ་ནི་ཀུན་གྱི་བློ་ཡིད་དུ་འཆར་དཀའ་བ་ཞིག་རེད།

ཉེ་ལམ། གསར་འགོད་པ་ཐོན་སྐྱེད་འགོ་གཙོ་ལྷུན་འགྲུབ་ཀྱི་སྣེ་ཁྲིད་འོག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་མཁའ་དབྱིངས་རྩྭ་ར་སྐྱེ་དངོས་ཚན་རྩལ་ཀུང་སིར་སོང་བ་ན་ལྕི་བ་ལས་སྣོན་བྱེད་ཀྱིན་པ་མཐོང་།

ཐོན་སྐྱེད་འཁོར་ཁང་དུ།  ལྕི་བ་ཞིབ་འཐག་ཚགས་དབྱེ་དང་སྐྱུར་བསྙལ།  དཀྲུག་པ་སོགས་ལས་རིམ་ཆེ་ཆུང་བཅུ་བརྒྱུད་མཐར་སྐྱེ་ལྡན་ལུད་རྫས་རིལ་བུ་རེ་རེར་གྱུར། ལྕི་བ་འབར་རྫས་ནས་ལུད་རྫས་སུ་གྱུར་པའི་དོན་དེ2016ལོ་ནས་བཤད་དགོས།

དེ་ནི་སོག་རུ་མ་ཡུལ་ཚོས་བསྡུས་པའི་དབུལ་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་ཏུ། ཐོན་ལས་འདེམ་པའི་སྐོར་ནས་གྲོས་མོལ་སྣ་ཚོགས་བྱེད་སྐབས་བཏོན་པ་ཞིག་རེད།

“ཡུལ་སྐོར་འཕེལ་རྒྱས་ཐད་ང་ཚོར་དགེ་མཚན་ཆེན་པོ་ལྡན།”“ཞོ་དང་མར་ལས་སྣོན་བྱས་ན་འགྲིག”

ཚང་མས་གཅིག་འཕྲོར་གཅིག་གིས་བཤད་དེ།  རྫོང་གི་འགོ་ཁྲིད་དང་ཡང་ན་ཡུལ་ཚོའི་ལས་བྱེད་པ་སུ་ཡིན་རུང་རྩ་དོན་ཧ་ཅང་གསལ་བོ་ཞིག་ཡོད་པ་ནི། དབུལ་སྐྱོར་མ་དངུལ་གྱིས་ངེས་པར་དུ་ནུས་པ་འདོན་དགོས་པ་དེ་རེད།

“ཡང་མིན་ན་སྐྱེ་ལྡན་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ན་ཇི་འདྲ་རེད”ཅེས་ཀུན་དང་མི་མཐུན་པའི་བསམ་ཚུལ་དེར་མི་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་སོང་། བསམ་ཚུལ་བརྗོད་པ་དང་ཐབས་ཤེས་འཚོལ་བ་སོགས་རིམ་པ་འགའ་བརྒྱུད་རྗེས།  ཚང་མས་གཅིག་སྒྲིལ་ལྟ་བུའི་ཕྱུགས་ལས་རྫོང་ཆེན་པོ་ཞིག་ལ་མཚོན་ན། ཐབས་ལམ་འདི་ནི་ཚོད་ལྟ་བྱེད་ཆོག་པའི་ལམ་བུ་གསར་པ་ཞིག་ཡིན་པར་འདོད།  ཐབས་ཤེས་བཟང་ན་ཡང་བྱ་བ་འདི་སུས་བསྒྲུབ་བམ།

ཕྱོགས་མང་པོ་ནས་བརྟག་ཞིབ་དང་སློབ་སྦྱོང་བྱས་མཐར།  སོག་རུ་མ་ཡུལ་ཚོས་ལོ་དུ་མར་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་བྱས་མྱོང་བའི་ལྷུན་འགྲུབ་ཟི་ལིང་ནས་གཅིག་སྒྲིལ་དུ“གདན་དྲངས།”

དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་དམིགས་སར་འབྱོར་བ་དང་བསྟུན་ནས། སྐྱེ་ལྡན་ལུད་རྫས་ལས་སྣོན་ཚོད་ལྟ་ལྟེ་གནས་དེ་སོག་རུ་མ་ཡུལ་ཚོ་ནས་དངོས་སུ་བཙུགས།

ཅང་མ་འགོར་བར་གཞི་ཁྱོན་ཆུང་བའི་ལས་སྣོན་འཁོར་ཁང་དེ་ནི་མཐའ་འཁོར་མང་ཚོགས་ཀྱི“ཡུལ་སྐོར་བྱེད་ས”རུ་གྱུར་པ་དང་།  ལྕི་བ་སྒོར་མོར་བརྗེ་ཆོག་པ་ཐོས་འཕྲལ། འབྲོག་པ་ཚོ་ཉིན་རྒྱུན་དུ་ཡོང་ནས་ལྟ་ཞིབ་བྱེད་ཀྱིན་འདུག

“ལས་ཀ་གསར་པ་ཡིན་པ་དང་མང་ཚོགས་ལ་གསལ་ཆ་མེད་པས། དང་ཐོག་བྱ་བ་མི་ཉུང་བ་ཞིག་བསྒྲུབས་མྱོང་།”མཁའ་དབྱིངས་རྩྭ་ར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་རྐང་བདག་ཆེན་མོ་དང་། གཅིག་སྒྲིལ་རྫོང་པའོ་ལའེ་ལའེ་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་པ་ཀུན་བཟང་གིས་སྔོན་ཆད་སོག་རུ་མ་ཡུལ་ཚོ་ནས་བྱ་བ་བསྒྲུབས་མྱོང་བས།  དེའི་ཐད་ལ་ཁོར་སྐད་ཆ་བཤད་དབང་ཡོད་པ་རེད།

“སྔོན་ཆད་མི་གླས་ནས་ལྕི་བ་གཙང་ཕྱགས་བྱེད་པར་འགྲོ་སོང་མི་ཉུང་པ་ཞིག་གཏོང་དགོས།  ད་ལྟ་ལྕི་བ་ལས་སྣོན་བཟོ་གྲྭར་དྲུད་སོང་ནའང་ང་ལ་སྒོར་མོ་སྟེར་རམ”ཞེས་སོག་རུ་སྡེ་བའི་ཧྲེ་གསུམ་པའི་ཚེ་བརྟན་གྱིས་རྗེས་ཕྱོགས་སྒོར་མོ་བཙལ་ཐུབ་མིན་ལ་སེམས་ཁུར་བྱེད་བཞིན་ཡོད།

2016ལོའི་དབྱར་ཁ་དེར། སྐྱེ་ལྡན་ལུད་རྫས་ལས་སྣོན་ཚོད་ལྟ་ལྟེ་གནས་བདེ་བླག་ངང་ཐོན་སྐྱེད་བྱེད་མགོ་བརྩམས་པ་དང་། སྤྲོ་བ་རབ་ཏུ་འཕེལ་བའི་མང་ཚོགས་ཀྱིས་ལྕི་བ་རླངས་འཁོར་གང་རེ་མི་དམངས་ཤོག་སྒོར་རེ་རེར་བརྗེས་བྱུང་། ཀུན་བཟང་གིས་གསར་འགོད་པར་བཤད་རྒྱུར།  ལོ་དེར་སྒོར་འབུམ་དྲུག་གི་ལྕི་བ་ཉོས་པ་ཡིན་ཟེར།

2019ལོར། རོགས་དངུལ་སྒོར་ས་ཡ1ལྷག་གི་རྒྱབ་སྐྱོར་འོག  ལེགས་འགྲུབ་བྱུང་པའི་སྐྱེ་ལྡན་ལུད་རྫས་ལས་སྣོན་ཚོད་ལྟ་ལྟེ་གནས་ཀྱི་རིམ་པ་སྤར་ཏེ། མཁའ་དབྱིངས་རྩྭ་ར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཤིང་། ལོ་རེའི་ལས་སྣོན་ནུས་ཤུགས་ཏུན་ཁྲི3ལ་སླེབས།

ད་ལོར་ལོ45ཡིན་པའི་ལྷུན་འགྲུབ་ཀྱི་ཕ་ཡུལ་ནི་ཟི་ལིང་ཡིན་པ་དང་།  2006ལོ་ནས་བཟུང་སྐྱེ་ལྡན་ལུད་རྫས་ལས་སྣོན་གྱི་ལས་རིགས་དེར་འབྲེལ་འདྲིས་བྱས་བ་རེད།  ལྷུན་འགྲུབ་ཀྱིས་མཚོ་འཕང་མཐོ་བའི་གཅིག་སྒྲིལ་རྫོང་དུ་ས་གནས་དེར་འཚམ་པའི་ཐོན་སྐྱེད་དཔེ་དབྱིབས་ཤིག་འཚོལ་ཞིབ་བྱས།

“སྐྱུར་བསྙལ་གོ་རིམ་དེའི་ངོས་ནས་བཤད་ན། ཟི་ལིང་དུ་ཉིན10ནས20ཡས་མས་ཀྱིས་ཆོག་ལ། ཡིན་ཡང་གཅིག་སྒྲིལ་གྱི་དྲོད་ཚད་དམའ་བའི་དབང་གིས་ཏག་ཏག་ཉིན35ཡས་མས་ཀྱི་དུས་ཚོད་དགོས་པ་རེད།” སྐྱུར་བསྙལ་དུས་ཚོད་ཇེ་ཐུང་དུ་གཏོང་ཆེད། 2020ལོའི་ལོ་མཇུག་ཏུ། སྐྱུར་བསྙལ་འཁོར་ཁང་དུ་དྲོད་རླངས་འཐེན་པས་སྔོན་ཆད་དང་བསྡུར་ན།  སྐྱུར་བསྙལ་གྱི་དུས་ཚོད་ཉིན10ཇེ་ཉུང་དུ་སོང་ཡོད།

2022ལོར། ཁེ་ལས་རྒྱ་བསྐྱེད་པ་དང་སྒྲིག་ཆས་གསར་སྒྱུར་དང་རིམ་པ་སྤར་བས། ལོ་རེའི་ཐོན་འབབ་ཏུན་ཁྲི5ལ་སླེབས།

ཐོན་སྐྱེད་གཞི་ཁྱོན་དང་ཐོན་རྫས་སྤུས་ཀ་ཉིན་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས། ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་གནད་གཅིག་རྒྱུན་འཁྱོངས་བྱས་ཡོད་དེ། ལོ་རེའི་ཁེ་སྤོགས་རྐྱང་རྐྱང་ལས70%ཁྱིམ་ཚང་རེ་རེར་བགོས་ཏེ།  སྡེ་བ22ཀྱི་ཁྱིམ་ཚང1523ལ་ཁེ་ཕན་ཐོབ་པར་མ་ཟད།  2019ལོ་ནས་བཟུང་།  ལོ་རེར་རྫོང་ཡོངས་ཀྱི་སྡེ་བ22ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་སྒོར་ཁྲི1ནས་ཁྲི2འཕེལ་རྒྱས་མ་དངུལ་དུ་གཏོང་བཞིན་ཡོད།

འདི་ལྟར་རྒྱུན་རིང་བའི་རོགས་སྐྱོར་གྱི་མ་དངུལ་རེ་རེ་གཅིག་སྒྲིལ་རྫོང་པའོ་ལའེ་ལའེ་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་ཙི་མེན་ཧྲེན་གྱི“རྩིས་ཐོའི”ནང་དུ་མངོན་ཡོད།

“ང་ཚོར་མཚོན་ན།  ཡོང་འབབ་དང་པོ་ནི་སྐྱེ་ཁམས་ཀྱི་ཡོང་འབབ་ཡིན།  སྐྱེ་ལྡན་ལུད་རྫས་དེ་ས་ནག་ཐང་བཅོས་སྐྱོང་བྱེད་པར་བཀོལ་བ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཤིག་ཡིན།   ཡང་བསྐྱར་ཡོང་འབབ་རྩིས་ཤིག་བརྒྱབ་ན།   2020ལོར། ཁེ་ལས་ཀྱི་ཁེ་སྤོགས་སྒོར་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་བགོས་པ་དང་། 2021ལོར།  ཁེ་སྤོགས་སྒོར་ས་ཡ་གཅིག་འབུམ་གསུམ་ལྷག་བགོས། ན་ནིང་རིམས་ནད་ཀྱི་དབང་གིས་ཕྱིར་བཙོང་མ་ཐུབ་པས་ཁེ་སྤོགས་སྒོར་འབུམ་དྲུག་ལྷག་ལས་བགོ་མ་ཐུབ།”

དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་ཤ་ཉི་ཡིས་ཁེ་ལས་སུ་ལས་ཀ་ལས་ཀྱིན་མེད་མོད། འོན་ཀྱང་བློ་རིག་རྒོད་པས་ཁོས་རང་ཁྱིམ་གྱི་སྒོ་ཁ་ནས་ཚོང་ལམ་ཞིག་རྙེད་བྱུང་། 2020ལོ་ནས་བཟུང་། འབྲོག་ཁྱིམ་གྱི་ལྕི་བ་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་འདྲུད་པའམ་ཡང་ན་ལས་སྣོན་བྱས་པའི་སྐྱེ་ལྡན་ལུད་རྫས་ཕྱིར་སྐྱེལ་བ་གང་ཡིན་རུང་། སྐྱེལ་འདྲེན་གྱི་ལམ་དུ་ནམ་ཡང་ཁོ་རང་མཐོང་སྲིད།    ཤ་ཉི་ཡིས“ཞོར་ལས”འདིར་བརྟེན་ནས་ལོ་གཅིག་ལ་སྒོར་འབུམ་གཅིག་ཡས་མས་ཀྱི་ཡོང་སྒོ་འཚོལ་གྱིན་འདུག ལས་དེར་ཞུགས་པ་ནི་ཁོ་རང་གཅིག་པུ་མ་ཡིན་པར་ས་གནས་ཀྱི་མང་ཚོགས་མི་ཉུང་བ་ཞིག་ཀྱང་ཞུགས་ཡོད་པ་རེད།

ཀྲུང་དབྱང་ནོར་སྲིད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་གྱི་སྙིགས་རོ་གཙང་དག་དང་ཐོན་ཁུངས་ཅན་དུ་འགྱུར་བར་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པ་དེ། ཞིང་སྡེའི་སྡོད་དམངས་དུང་ཕྱུར6གི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་དང་། ཞིང་སྡེའི་ནུས་ཁུངས་གསར་སྒྱུར།  ས་རྒྱུ་རྒྱུན་ཆད་མེད་པར་ལེགས་བཅོས།  ཞིང་ལས་ཁྱབ་ཁུངས་བཙོག་བསྒྱུར་བཅོས་སྐྱོང་བཅས་བྱེད་ཐུབ་མིན་ལ་འབྲེལ་བ་ཡོད་པས།  རྒྱལ་ཁབ་དང་མི་དམངས། ཡུན་རིང་བཅས་ལ་ཕན་པའི་དོན་བཟང་ཞིག་ཡིན་ཞེས་ནན་གྱིས་བསྟན།

“ད་ལྟ་ཁེ་ལས་དེ་འཕེལ་རྒྱས་སུ་སོང་ནས་ཁུལ་ཡོངས་ཀྱི་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་པའི་ཁེ་ལས་སུ་གྱུར་ཏེ་ཁེ་སྤོགས་བགོ་བཞིན་པར་མ་ཟད། མང་ཚོགས་ཀྱི་ལས་ཞུགས་དང་ལྟ་ཚུལ་བསྒྱུར་བར་སྐུལ་ཁྲིད་བྱེད་པའི་ཕྱོགས་ལ་ནུས་པ་གང་ལེགས་ཐོན་གྱིན་ཡོད། ལྕི་བ་ལས་སྣོན་བྱེད་པའི་ཕྱོགས་ནས་ཚང་མར་ཆ་རྒྱུས་མེད་པ་ནས་རྒྱུས་མངའ་ཡོད་པ་དང་། དེ་ནས་ཧུར་ཐག་གིས་ལས་དེར་ཞུགས་པ་ནི་དགའ་འོས་པའི་འགྱུར་ལྡོག་ཅིག་རེད།”ཅེས་གཅིག་སྒྲིལ་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཚེ་དབང་སྐྱབས་ཀྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།