བལ་དཀར་བོད་ལུག་གསོ་སྤེལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ཉིན་ཞྭ་སྡེ་བ།
2023.05.10 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 16

གསར་འགོད་པ་ལུག་གི་འབའ་སྒྲ་དང་བསྟུན་ནས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་སྐབས་དེང་རབས་ཅན་གྱི་ལུག་ར་ཆེན་པོ་འགའི་ནང་དུ་བལ་དཀར་བོད་ལུག་གིས་འཚང་ཁ་ཤིག་ཤིག་གིས་གཟན་རྩྭ་ཟ་བཞིན་འདུག་ལ་ལུ་གུ་དག་ཀྱང་ཡར་ལྡིང་མང་ལྡིང་གིས་རྩེད་མོ་རྩེ་བཞིན་པའི་སྣང་བརྙན་གསོན་པོ་དེ་མིག་ལམ་དུ་ཤར།

ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའི་ཨུ་ཡོན་ནམ་མཉམ་ལས་ཁང་གི་འགན་འཁུར་བ་གསང་བདག་རྒྱལ་གྱིས་རྩེད་འཇོར་རོལ་བའི་ལུ་གུ་དེ་དག་ལ་ལྟ་བཞིན་དགའ་སྤྲོའི་ངང་བཤད་རྒྱུར་དགུན་ལུག་གི་སྐྱེ་རྒྱ་ཧ་ཅང་མགྱོགས་པས།  ད་ཅུང་ཙམ་འགོར་ན་ཕྱིར་འཚོང་བྱས་ཆོག་ཟེར།

ཉིན་ཞྭ་སྡེ་བ་ནི་བོད་རིགས་འདུས་སྡོད་ཀྱི་ཕྱུགས་ལས་རྐྱང་བའི་སྡེ་བ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། སྡེ་བས་ཁྱད་ལྡན་བལ་དཀར་བོད་ལུག་ལ་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་བ་བརྒྱུད། བལ་དཀར་བོད་ལུག་གི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱས་པ་དང་ཆབས་ཅིག་ས་ཁོངས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཡོད། ན་ནིང་མཉམ་ལས་ཁང་གི་ཐོན་སྐྱེད་རང་བཞིན་གྱི་ཡོང་འབབ་སྒོར་འབུམ་བདུན་ཁྲི་ལྔ་ལྷག་ཏུ་སླེབས་པ་དང་ཁེ་སྤོགས་སྒོར་ཁྲི་བརྒྱད་དང་སྟོང་ལྔ་ཐོབ་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམངས་ཕྱུག་ཐོན་ལས་ཤིག་ཏུ་གྱུར་བར་མ་ཟད། ཉིན་ཞྭ་སྡེ་བ་དེ་དཔེ་མཚོན་གྱི་གསོ་སྤེལ་ཕྱུག་འགྱུར་ཕྱུགས་ལས་སྡེ་བར་གྱུར་ཡོད།

བལ་དཀར་བོད་ལུག་ནི་མདོ་དབུས་མཐོ་སྒང་གི་རྒྱུད་བཟང་ཕྱུགས་རིགས་ཀྱི་གྲས་ཤིག་ཡིན་ལ། ཤ་དང་བལ། པགས་པ་བཅས་ཚང་མར་བེད་སྤྱོད་རིན་ཐང་ལྡན་པའི་མཐོ་སྒང་རྣམ་པའི་བོད་ཀྱི་ལུག་རྒྱུད་ཅིག་ཡིན། མཐོ་སྒང་གི་རང་བྱུང་གནམ་གཤིས་དང་འཚམས་པས་བལ་དཀར་བོད་ལུག་གི་ཐོན་ལས་རིམ་བཞིན་མཚོ་བྱང་གི་དམངས་ཚིས་ཐོན་ལས་སུ་གྱུར་ནས་ལེགས་ཆ་མངོན་གསལ་དོད་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན།

གསང་བདག་རྒྱལ་གྱིས་བཤད་རྒྱུར། ལོ་བཅུའི་གོང་དུ་ཕྱུགས་འཚོ་ཚད་ལས་བརྒལ་བ་དང་།  དོ་དམ་ཞན་པ་སོགས་ཀྱི་རྐྱེན་གྱིས་གཟན་རྩྭ་ཉིན་རེ་བཞིན་ཇེ་ཉུང་དུ་སོང་བ་དང་རྩྭ་ས་བྱེ་འགྱུར་ཉིན་རེ་བཞིན་ཚབས་ཆེན་དུ་གྱུར་བར་མ་ཟད། ལུག་རྒྱུད་མང་བ་དང་གཟུགས་གཞི་ཞན་པའི་རྐྱེན་གྱིས་ལུག་གི་འཕེལ་ཁ་དལ་བས་རྒྱུན་དུ་རིན་གོང་མཐོན་པོ་མེད་ལ། འབྲོག་པའི་འཚོ་བ་སྐབས་ཤིག་རིང་དཀའ་ངལ་གྱི་གནས་སུ་གྱར་ཡོད། གནད་དོན་དེར་དམིགས་ནས་སྡེ་བ་དེས་འབྲོག་པ་རྣམས་སྐུལ་སློང་བྱས་ཏེ་རྩྭ་ས་དང་རྨོ་ཞིང་། ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་མ་རྐང་དུ་ཕབ་ནས་ཚད་འབེབས་བྱས་པར་མ་ཟད། སྤུས་ལེགས་ཀྱི་བོད་ལུག་ནང་འདྲེན་བྱས་ཏེ་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་བཙུགས་ནས་གཅིག་གྱུར་གྱིས་གསོ་སྤེལ་དང་སྡེབ་སྦྱོར། རིམས་འགོག བརྗེ་རེས་བཅས་ཀྱི“གཅིག་གྱུར་བཞིའི”དོ་དམ་བྱེད་སྟངས་ལྟར་གཉེར་སྐྱོང་བྱས།

ད་ལྟ། ཉིན་ཞྭ་སྡེ་བ་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་ཕན་འབྲས་གཉིས་ཕན་གྱི་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་རིམ་བཞིན་བསྐྱོད་བཞིན་ཡོད་པ་རེད། གསང་བདག་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་ཞྭ་སྡེ་བས་བལ་དཀར་བོད་ལུག་ཕྱིར་འཚོང་ཐབས་ལམ་ལ་དམིགས་ནས་མངགས་ཐོའི་རྣམ་པའི་ཐོག་ནས་ལུ་གུ་འཚོང་བཞིན་ཡོད་ལ། ཕྱིར་འཚོང་ཤར་གཏོང་ཐུབ་པར་འགན་ལེན་བྱས་པས་གསོ་སྤེལ་ཁྱིམ་ཚང་ལ་སེམས་ཁྲལ་མེད་པ་དང་ཕྱུག་འགྱུར་འབབ་འཕར་གྱི་ཡིད་ཆེས་སྔར་ལས་ཆེ་རུ་སོང་ཡོད་ཟེར།

ཕྱིར་འཚོང་བྱེད་རྒྱུར་འགན་ལེན་བྱས་ན་སྤུས་ཚད་དང་གྲངས་འབོར་རྗེས་སུ་མི་ལུས། སྲིད་གཞུང་གི་རོགས་སྐྱོར་དང་གསོ་སྤེལ་བྱེད་པའི་ཁྱིམ་ཚང་གི་འབད་བརྩོན་ལ་བརྟེན་ནས་ཉིན་ཞྭ་སྡེ་བས་བལ་དཀར་བོད་ལུག་ནུས་ལྡན་སྒོས་གསོ་སྤེལ་བྱེད་པའི་ལག་རྩལ་རིམ་བཞིན་འཚོལ་ཞིབ་བྱས་ནས།   ལུ་གུ་བཤས་གཏོང་བྱེད་པའི་དུས་ཡུན་ཇེ་ཐུང་དུ་བཏང་ཡོད་པ་རེད།

བལ་དཀར་བོད་ལུག་ལུག་རྒྱུད་ལེགས་སྒྱུར་བྱེད་པའི་ཐད་མཚོ་འཁྱིལ་ཡུལ་ཚོའི་དམངས་ཆེན་གྱི་ཀྲུའུ་ཞི་གཞོན་པ་ལིག་དབྱི་ཡིས་བཤད་རྒྱུར། བལ་དཀར་བོད་ལུག་གསོ་སྤེལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་ཆེད།  ཉིན་ཞྭ་སྡེ་བས་ལུག་རྒྱུད་ལེགས་སྒྱུར་བྱ་རྒྱུར་མཐོང་ཆེན་བྱས་ནས་བལ་དཀར་བོད་ལུག་གི་རྒྱུད་བཟང་སྔར་ལས་མང་བ་ནང་འདྲེན་བྱས་པ་དང་ཆབས་ཅིག བལ་དཀར་བོད་ལུག་དང་རང་ས་གནས་ཀྱི་བོད་ལུག་མཉམ་བསྲེས་རྒྱུད་སྤེལ་བྱས་ནས་གསོ་སྐྱོང་བྱེད་ཀྱིན་ཡོད་ལ། མིག་སྔའི་གསོ་སྤེལ་གྱི་གནས་ཚུལ་ལ་བལྟས་ན། མཉམ་བསྲེས་རྒྱུད་སྤེལ་བྱས་རྗེས་ཀྱི་བལ་དཀར་བོད་ལུག་གི་གཟུགས་པོའི་ལྗིད་ཚད་དེ་ལུག་གཞན་ལས་མངོན་གསལ་གྱིས་ལྗིད་པ་མ་ཟད་ནད་རིམས་སྔོན་འགོག་བྱེད་པའི་ནུས་པའང་ཧ་ཅང་ཆེ། ཕྱུགས་རིགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕྱུགས་རིགས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་ཆེད། ཡུལ་ཚོའི་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ཆེད་ལས་ལག་རྩལ་མི་སྣས་གཅིག་སྡུད་དོ་དམ་བྱེད་པའི་བོད་ལུག་ལ་ཞིབ་བཤེར་བྱས་པ་ཡིན་ཟེར།

ཉིན་ཞྭ་སྡེ་བས་ད་དུང་ཕྱུགས་འཚོ་ཞོར་ལ་གཟན་ཆས་ཁ་གསབ་བྱེད་པའི་ཐོན་སྐྱེད་བྱེད་སྟངས་བརྒྱུད་དེ།  རྩྭ་ཐང་གི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བའི་དམིགས་ཚད་མངོན་འགྱུར་བྱུང་ནས། ཕྱུགས་བཀག་ཀྱང་གསོ་སྤེལ་མི་འགོག་པ་དང་། ཕྱུགས་ཇེ་ཉུང་དུ་བཏང་ནས་ཐོན་ཚད་མི་ཆག་པའི་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ནུས་ལྡན་བྱས་ཡོད།

ལིག་དབྱི་ཡིས་བཤད་རྒྱུར། ཉིན་ཞྭ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ད་དུང་ཞིང་ཆེན་རིམ་པའི་ཕྱུགས་ལས་ཆེད་མཁས་པ་གདན་དྲངས་ནས་བལ་དཀར་བོད་ལུག་ནུས་ལྡན་སྒོས་གསོ་སྤེལ་བྱེད་པའི་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཤིང་།མ་མོ་ལ་དུས་མཉམ་དུ་རྒྱུད་སྤེལ་དང་ལུ་གུ་རྩེབས་སུ་བཅུག་པ་དང་། ཟླ2ནས་ཟླ3བར་གྱི་ལུ་གུ་ལ་སྔ་མོ་ནས་འོ་མ་ལྡུད་མཚམས་བཅད་དེ་གཟན་ཆས་སྟེར་བའི་ལག་རྩལ་སྤེལ་ནས།  ལོ་སྨད་དུ་མཚོ་འཁྱིལ་ཡུལ་ཚོས་འབྲོག་པར་བྱང་ཚད་མཐོ་བ་དང་ཡོང་འབབ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་བལ་དཀར་བོད་ལུག་གི་སྣ་ཁ་བཏོད་དེ་འབྲོག་པའི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ། ཚན་རིག་ལུགས་མཐུན་བཅས་ཀྱི་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུའི་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།