མདོ་ལ་རྫོང་གིས་ཡུལ་སྐོར་བྲིན་དུས་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ཏེ་འཆམ་མཐུན་གྱི་ཡུལ་སྐོར་ཁོར་ཡུག་བཏོད།
2023.05.10 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 19

སྔར་ལས་ཡུལ་སྐོར་བྲིན་དུས་ལ་གྲ་སྒྲིག་བྱ་ཆེད། དངོས་འཐབ་ཀྱི་བསམ་བློའི་འདུ་ཤེས་བསྐྱེད་ནས། མདོ་ལ་རྫོང་གིས་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཡུལ་སྐོར་ཐོན་རྫས་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུའི་རྩལ་ནུས་ཆེ་རུ་གཏོང་བ། སྣེ་ལེན་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ལས་རིགས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་ཡུལ་སྐོར་པར་བློ་བདེ་བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་རྒྱུར་གཞོལ་ཡོད།

ཆེད་དོན་འགུལ་སྐྱོད་སྤེལ་ནས་ཡུལ་སྐོར་ཉམས་ལེན་རིམ་སྤོར་ལ་རམ་འདེགས་བྱས། ཡུལ་སྐོར་བྲིན་དུས་ལ་གྲ་སྒྲིག་བྱེད་པའི“ཁོར་ཡུག་བཅོས་སྐྱོང་ཆེན་པོ་དང་ཞབས་ཞུ་མཐོར་འདེགས་ཆེན་མོའི”ཆེད་དོན་བཀོད་སྒྲིག་ཚོགས་འདུ་དང་ཆེད་དོན་བྱ་སྤྱོད་སྐུལ་འདེད་ཚོགས་འདུ་འཚོགས་ནས། 《མདོ་ལ་རྫོང་གི“བློ་འགུག་ཡུལ་སྐོར། ལྷ་ཡུལ་གཙང་བསྲེལ”གྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱ་བའི་ཇུས་གཞི》དང《མདོ་ལ་རྫོང་གིས་ཡུལ་སྐོར་བྲིན་དུས་ལ་གྲ་སྒྲིག་བྱེད་པའི“ཁོར་ཡུག་བཅོས་སྐྱོང་ཆེན་མོ་དང་ཞབས་ཞུ་མཐོར་འདེགས་ཆེན་མོའི”ཆེད་དོན་འགུལ་སྐྱོད་ཇུས་གཞི》སོགས་ཡིག་ཆ་གཏན་འཁེལ་པར་འགྲེམས་བྱས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་སོགས་སྡེ་ཁག་མཉམ་འབྲེལ་གྱིས་རང་ངོས་ཀྱི་བྱ་བ་དངོས་དང་འབྲེལ་ནས“ཚོད་ཐོ་ལུགས”ཀྱི་ཆེད་དོན་གསོ་སྦྱོང་སྤེལ་ཏེ། ལས་དོན་མི་སྣའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་། མིག་སྔའི་བར་དུ། རིགས་སོ་སོའི་གསོ་སྦྱོང་དུས་ཐེངས་བཅུ་ལྷག་ཙམ་སྤེལ་བ་དང་རིམ་རྩིས་བྱས་ན་མི་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ལ་ལ་གསོ་སྦྱོང་བྱས། དེ་དང་ཆབས་ཅིག རྫོང་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ལ་འགུལ་རྣམ་དོ་དམ་བྱས་ཏེ་རིག་གནས་ཡུལ་སྐོར་གཉེར་སྐྱོང་ས་ཚིགས་ལ《ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་བྱེད་པོ་དང་ལས་ཞུགས་པར་བཏང་བའི་ཡི་གེ་ཞིག》ཅེས་པ་དང་། ཐེར་འདོན་ཞུ་གཏུག་ཁ་པར12345 ལས་གཉེར་ཐོབ་ཐང་སོགས་ཀྱི་ཆ་འཕྲིན་སྤྲད་དེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཡུལ་སྐོར་ཁྲོམ་ར་ནུས་ཤུགས་ཡོད་རྒུས་ཚད་ལྡན་དུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་།

ལྗོངས་ཁུལ་གཉེར་སྐྱོང་ཚད་ལྡན་དུ་བཏང་ནས་ཞབས་ཞུ་སྣེ་ལེན་གྱི་ཆུ་ཚད་མཐོ་རུ་བཏང་བ། ལྟེ་བའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་སྲུང་སྐྱོང་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག ལས་ཞུགས་མི་སྣའི་གསོ་སྦྱོང་སློབ་གསོ། མྱུར་སེལ་སྦྱོང་བརྡར་སོགས་ཀྱི་གྲ་སྒྲིག་བྱ་བ་སྤེལ་ནས་མཛེས་ལྗོངས་ཁུལ་གྱི་ཤིང་ཆའི་བསྐྱོད་ལམ་དང་། འགོག་སྲུང་ར་བ། སྒྲོལ་སྐྱེལ་རླངས་འཁོར་སོགས་རྨང་གཞིའི་སྒྲིག་བཀོད་ལ་སྲུང་སྐྱོབ་བྱེད་པ་དང་། མེ་གསོད་འཕྲུལ་ཆས་དང་མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་མཚོན་བྱང་། ལྗོངས་ཁུལ་གྱི་སྣེ་སྟོན་རི་མོ། ཐོག་གློག་འགོག་པ་སོགས་སྒྲིག་གཞི་སྒྲིག་ཆས་མངག་ཉོ་བྱས། མང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་ཕུལ་བྱུང་སྐོར་སྐྱོད་འཁྲབ་སྟོན་དང་། གཟུགས་འདས་རིག་གནས་མཛེས་ལྗོངས་ཁུལ་དུ་བསྐྱོད་པ། མཚན་མོའི་སྐོར་བྲོ་འཁྲབ་སྟོན། མཛེས་ལྗོངས་པར་ལེན་འགྲེམས་སྟོན་སོགས་གུང་གསེང་རིང་གི་རིག་གནས་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་གིས་སྤེལ། སྤྱི་བའི་དཔེ་མཛོད་ཁང་དང་རིག་གནས་ཁང་། ལུས་རྩལ་ཐང་བཅས་ཀྱི་སྒོ་ཕྱེ་བའི་དུས་ཚོད་ཕྱིར་འགྱངས་བྱས་ནས་སྒོ་འབྱེད་བྱས་པས་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་སྟོང་ལྔ་ལྷག་ཙམ་ལ་ཕན་པ་བསྐྲུན། གཙོ་གནད་མཛེས་ལྗོངས་ཁུལ་དུ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་བྱེད་ཐབས་བཏོན། ལྔ་གཅིག་གི་སྐབས་སུ། རྫོང་ཡོངས་སུ་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་གཉིས་དང་སྟོང་གཅིག་ལྷག་ལ་སྣེ་ལེན་ཞུས་ཤིང་། ལོ་སྔོན་མ་དང་བསྡུར་ན45%འཕར། ཕྱོགས་བསྡུས་ཡོང་འབབ་སྒོར་ས་ཡ་དགུ་དང་འབུམ་དགུ་ཁྲི་དྲུག་སྟོང་བདུན་ལྔ་བརྒྱ་ཟིན་པ་དང་། ལོ་སྔོན་མ་ལས51.3%འཕར།

བདེ་འཇགས་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་བསྟར་ཞིབ་བཤེར་ཧུར་ཐག་གིས་སྤེལ་བ། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་དོན་མི་སྣས་ཆུ་ཚོད24རིང་ལས་གནས་བརྟན་སྲུང་བྱས་ཏེ་རྫོང་ཁོངས་ཀྱི་རོལ་རྩེད་ཁང་དང་། མཉམ་འབྲེལ་དྲ་བའི་དྲ་ཞུགས་ཞབས་ཞུའི་ཚོང་གཉེར། Aརིམ་པའི་མཛེས་ལྗོངས་ཁུལ། གློག་བརྙན་ཁང་སོགས་གཉེར་སྐྱོང་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་དང་། རིམས་ནད་འགོག་སྡོམ། གཉེར་སྐྱོང་སྒྲིག་ལམ་སོགས་ཀྱི་ལས་དོན་ལ་ཕྱོགས་བསྡུས་ཞིབ་བཤེར་ཆེན་པོ་བྱས། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་པར་ལྟ་སྐུལ་བྱེད་པ་དང་། ཡུལ་སྐོར་བའི་འགྲུལ་རྒྱུན་སྒྲིག་འཛུགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཚོགས་འདུ་འཛོམས་བྱ་ཡུལ་དུ་རླུང་རྒྱུ་དུག་སེལ་ཡག་པོ་བྱེད་པ། སྤྱི་སྤྱོད་སྒྲིག་བཀོད་ཀྱི་གཙང་སྦྲ་དུག་སེལ་ཐེངས་མང་དུ་གཏོང་བ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། ཡུལ་སྐོར་བློ་འདྲི་དང་ཁྲིད་སྟོན་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཡུལ་སྐོར་བའི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་ཕྱོགས་ཡོངས་ནས་ཆེ་རུ་བཏང་། མིག་སྔའི་བར་དུ། ལས་དོན་མི་སྣ་མི་ཐེངས་དོན་དགུ་བཏང་ནས་གཉེར་སྐྱོང་ཚན་པ་ཉེར་གཉིས་ལ་ཞིབ་བཤེར་བྱས་པ་དང་། བདེ་འཇགས་མངོན་མེད་རྐྱེན་ངན་སོ་དྲུག་གྲལ་བཤེར་བྱས། གནད་དོན་ཡོད་པའི་གཉེར་སྐྱོང་བྱ་ཡུལ་གྱི་འགན་འཁུར་བར་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་དང་། ཡུལ་དངོས་ནས་དུས་ཐོག་ཏུ་བཅོས་སྒྲིག་བྱེད་ཐབས་བྲལ་བ་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།