ལས་ལ་བརྩོན་པའི་རྨ་ཡུལ་རྩྭ་ཐང་གི་གཞུང་ཞབས་པ།
2023.05.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

—མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི“མི་དམངས་ཀྱི་འདོད་བློ་ཚིམ་པའི་གཞུང་ཞབས་པ་ཐུན་མོང”སྟེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་གནས་ཚུལ་བཀོད་པ།

མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”གྱི་གནད་དོན་དུས་ཐོག་ཏུ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་ནས་ནུས་ལྡན་སྒོས་ཐག་གཅོད་བྱེད་པ་དང་། རི་ཉིལ་བ་དང་འདམ་རུད་བྱུང་བ། དེ་མིན“5·22”ས་ཡོམ་སོགས་རང་བྱུང་གནོད་འཚེ་བྱུང་བའི་དུས་སུ། ཐོག་མའི་དུས་ཚོད་ནང་འཆར་བཀོད་འཐེན་ཞིང་། གནོད་ཐེབས་གནས་ཚུལ་ཐད་ཀྱི་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་ཆེས་ལེགས་པའི་ཇུས་གཞི་གཏན་འཁེལ་སོགས་བྱས།

རྔམ་བརྗིད་ལྡན་པའི་ཨ་མྱེས་རྨ་ཆེན་གངས་རིའི་འདབས་རོལ་ཏུ། རྨ་ཆེན་གྱི་རིགས་སོ་སོའི་བུ་དང་བུ་མོ་ཁྲི་ལྔ་དང་སྟོང་བདུན་གྱིས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ལ། བྱ་བའི་འཁོར་སྐྱོད་དང་གོང་འོག་འབྲེལ་མཐུད། གཡས་གཡོན་འབྲེལ་གཏུག  ཕྱི་ནང་འབྲེལ་འདྲིས་བྱེད་པ་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པའི་ཀྲུང་གུང་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་མཛེས་སྡུག་ལྡན་པའི་རྨ་ཡུལ་རྩྭ་ཐང་སྟེང་དུ་རྟག་པར་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ནས་མདུན་སྐྱོད་བྱེད་ཅིང་། རྨ་ཆེན་འཕེལ་རྒྱས་ཀྱི་ཆེད་དུ་ཁུ་སིམ་མེར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད།

2019ལོའི་ཟླ12པར། ཀྲུང་དབྱང་གཞུང་ལས་ཐིན་གྱིས“2019ལོའི་རྒྱལ་ཡོངས་ཏང་སྲིད་མ་ལག་གསང་གནད་གསང་གྲངས་བྱ་བའི་སྔོན་ཐོན་ཐུན་མོང”དུ་བདམས་ཤིང་། 2021ལོའི་ཟླ6པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས“ཁུལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སུ་བདམས་པ་རེད།

དངོས་སྒྲུབ་ལ་བརྟེན་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ།

“ཐུན་མོང་འདིས‘ཞབས་ཞུ་གསུམ’གྱི་བྱ་བ་ལེགས་པར་བསྒྲུབས་པའི་རྨང་གཞིའི་སྟེང་དུ། དུས་ཡུན་རིང་པོར‘དམངས་ཁྲལ་སེལ་ཞིང་དོན་དངོས་བསྒྲུབས’ཡོད།” འདི་ནི་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་ལ“མགོ་ལོག་ཁུལ་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་བྱ་དགའ་ཐོབ་པའི་སྐབས་སུ་རྨ་ཆེན་རྫོང་ཏང་ཨུ་ཡིས་གནང་བའི་གདེང་འཇོག་རེད།

“དོན་དངོས་སྒྲུབ་ཅིང་། བདེན་པར་སྒྲུབ་པ་དང་། ལེགས་པར་སྒྲུབ་པ”ནི་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཚབ་ཚིག་ལྟ་བུར་གྲུབ་ཡོད་ལ། རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙན་གུ་སྡེ་བ་རུ་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་སྐད་གྲགས་བཟང་པོ་བཞག་ཡོད་དེ། “གཞུང་ལས་ཁང་གི་མི་སྣའི་ཞབས་ཞུའི་རྣམ་འགྱུར་ཤིན་ཏུ་ལེགས། ང་ཚོ་མང་ཚོགས་ཀྱི་ཆེད་དུ་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས་པ་དང་། ‘ལོ་མང་པོར་ལུས་པའི་གནད་དོན’མང་པོ་ཞིག་ཐག་གཅོད་བྱས་ཤིང་། གཞུང་ལས་ཁང་གི་ལས་བྱེད་མི་སྣའི་ཁྲོད་དུ་མི་ངན་པ་གཅིག་ཀྱང་མེད”ཅེས་རྭ་རྒྱ་གྲོང་རྡལ་ཙན་གུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་གིས་དེ་ལྟར་བཤད་ཅིང་ཁོས་འདི་འདྲའི་འདས་དོན་ཐུང་ངུ་ཞིག་ཀྱང་གླེང་བྱུང་།

ལོ་གསུམ་གྱི་ཡར་སྔོན་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཏང་ཡོན་བྱ་འགུལ་ཁང་ཞིག་གསོ་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་དུ་གནད་དོན་དང་དཀའ་ངལ་མི་ཉུང་བ་ཞིག་དང་འཕྲད་ཡོད། ཙན་གུ་སྡེ་བའི་ཐུན་མོང་དཔལ་འབྱོར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཇེ་ལེགས་སུ་གཏོང་ཆེད། རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཏང་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པ་རྣམས་ཐེངས་དུ་མར་རྭ་རྒྱ་གྲོང་རྡལ་ཙན་གུ་སྡེ་བར་སོང་སྟེ་ཉེ་བཅར་འདྲི་རྟོག་བྱས་ཏེ། རྨང་གཞིར་བལྟས་ཤིང་བྱ་བར་བརྟག་ལ་རིག་ལམ་བསྡུར་བ་སོགས་བྱས། “སྤྱིར་ན་ཡོང་ནས་སྐོར་ལྟ་ཙམ་ཞིག་བྱེད་པ་དེ་ཡིན་པར་བསམས་ཀྱང་། ཡིད་ལའང་མ་དྲན་པ་ཞིག་ལ་ཉིན་འགའ་མ་འགོར་བར་དོན་དག་མང་པོ་ཐག་གཅོད་བྱེད་པ་ལ་རེ་བ་ཡོད་པར་གྱུར”ཞེས་དཀོན་མཆོག་གིས་ཕྱིར་དྲན་བྱས་ཏེ་བརྗོད་ཅིང་། “ཅང་མ་འགོར་བར་ང་ཚོར་སྒོར་འབུམ་གསུམ་དང་ཁྲི་ལྔ་བསྡུ་རུབ་བྱས་པ་དང་། གླ་བ་གསོ་སྤེལ་ཐོན་ལས་དང་མང་ཚོགས་ཀྱི་གཞིས་ར་ལེགས་སྒྱུར། སློབ་གྲྭར་འགྲོ་མཚམས་འཇོག་པ་ཚོད་འཛིན་བྱས་ནས་སློབ་ཞུགས་ཁག་ཐེག་བྱེད་པ། ཁོར་ཡུག་བཅོས་སྐྱོང་སོགས་བྱ་བའི་དཔལ་འབྱོར་ཐད་ཀྱི་དཀལ་ངལ་བསལ་ཡོད།”

འདི་ནི་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་པའི་ཟུར་ཙམ་ཡིན་ལ། སྣ་མང་ལ་རྙོག་འཛིང་ཆེ་བའི་བྱ་བའི་སྤྱི་སྡོམ་ཁྲོད་གསར་འགོད་པས་འདི་ལྟ་བུའི་གཞི་གྲངས་ཤིག་ལོན་ཡོད་དེ། རྨ་སྟོད་ཀྱི“5·22”ས་ཡོམ་བྱུང་རྗེས། ཐོག་མའི་དུས་ཚོད་ནང་སྒོར་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ཞལ་འདེབས་སུ་ཕུལ་བ་དང་། དྲ་དམངས་ཀྱི་སྐད་འཇོག་འཕྲིན་ཐུང29དུས་ཐོག་ཏུ་སྒྲུབ་རྒྱུ་བྱས་ཤིང་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་སྟོང་དྲུག་དགུ་བརྒྱ་དང་འབྲེལ་བའི་གནད་དོན29ལྟ་སྐུལ་ཐག་གཅོད་བྱས། “ཁ་གཏད་རོགས་སྐྱོར”དང“ང་ཡིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ།”“ཆ་སྒྲིག་རོགས་སྐྱོར།”“གནོད་ཤུལ་བསྐྱར་སྐྲུན”སོགས་ཀྱི་བྱ་འགུལ་ཐེངས12ལྷག་སྤེལ་བ་དང་། སྡོམ་ཁོག་ཡུལ་ཚོ་དྭངས་ཆེན་སྡེ་བ་ནས་སྡོམ་ཆུ་སྡེ་བའི་བར་གྱི་སྤྱི་ལེ32ཅན་གྱི་གྲོང་གསེབ་གཞུང་ལམ་དེ་བཅོས(རྒྱ་སྐྱེད)སྐྲུན་ཁྱབ་ཁོངས་སུ་བཞག་ཅིང་། ནུས་ལྡན་སྒོས་སྡེ་བ་གཉིས་ཀྱི་འགྲམ་རྒྱུད་ཀྱི་མང་ཚོགས594ལྷག་གི་འགྲུལ་བཞུད་ཆ་རྐྱེན་བཅོས་བསྒྱུར་བྱས།

སླ་བཅོས་གཏན་ནས་མི་བྱེད་པར་བློ་ཇུས་ལེགས་པར་འདོན།

“རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྟག་པར་ང་ཚོའི་འཚོ་བ་ལ་ཐུགས་ཁུར་བྱེད།”འབྲོག་པ་ཆོས་བསྟན་ནི་རྐང་པ་ཞ་བོ་ཡིན་ཡང་། འདས་པའི་ལོ་ལྔའི་རིང་ལ་ཁོ་ཁྱིམ་སྤྱོད་གློག་ཆས་ཞིག་གསོ་དང་རྒྱན་ཆ་རྡུང་བཟོ་སོགས་ལས་ཞུགས་ནུས་རྩལ་གྱི་གསོ་སྦྱོང་ལ་ཞུགས་ཏེ། ལས་ཀ་ཅི་ཡང་མེད་མཁན་ཞིག་ནས་ལས་རིགས་གསར་སྐྲུན་མཁན་ཞིག་ཏུ་གྱུར་པས། ཐོབ་ཐང་ལ་འཕོ་འགྱུར་བྱུང་བར་མ་ཟད་འཚོ་བར་ཡང་འགན་སྲུང་ཡོད་པར་གྱུར། ཟླ4པའི་ཚེས18ཉིན་ཁོས“དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ལག་དེབ”བཟུང་ནས་གསར་འགོད་པར་རྨ་ཆེན་རྫོང་གིས་ལོ་རེར་དབང་པོ་སྐྱོན་ཅན་གྱི་ཆེད་དམིགས་བྱ་འགུལ་ཐེངས་མང་པོ་སྤེལ་བཞིན་ཡོད་པ་དང་། དབང་པོ་སྐྱོན་ཅན་ལ་སེམས་ཁུར་གང་མང་བྱེད་བཞིན་ཡོད་ཟེར།

འདི་དག་ཡོད་ཚད་ནི་འབྲེལ་ཡོད་ལས་ཁུངས་ཀྱིས་ཤུགས་ཆེན་པོས་འབད་འབུངས་བྱས་པ་ལས་གཞན་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་ཧུར་ཐག་གིས་འབྲེལ་མཐུད་བྱས་ཤིང་སླ་བཅོས་ཕྲན་ཙམ་ཡང་མི་བྱེད་པའི་བྱ་བ་དང་ཡང་འབྲལ་ཐབས་ཡེ་ནས་མེད།

རྨ་ཆེན་རྫོང་ཏང་ཨུའི་གཞུང་སྒྲུབ་ཐོག་ཁང་གི་སུམ་ཐོག་ན་ཡོད་པའི་གཞུང་ལས་ཁང་དུ། དྲུང་ཡིག་རྒན་པ་ཞུང་གོ་ཏུང་གིས་དཔེ་ཆ་བརྩེགས་པའི་སྟེང་དུ་མཐེབ་གཞོང་བཞག་ཅིང་། དམངས་ཚིས་བཟོ་འགོད་བྱ་བ་དང་འབྲེལ་བའི་རྒྱུ་ཆའི་ཡིག་ཆ་ཞིག་འབྲི་བཞིན་འདུག “ཉིན་འདི་གའི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་དང་འབྲེལ་བའི་བྱ་འགུལ་ལྟ་བུར། ང་ཚོས་ངེས་པར་དུ་ཐོག་མའི་དུས་ཚོད་ནང་ཉེ་སྔའི་རྟོག་ཞིབ་དང་བྱ་འགུལ་གྱི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རྣམས་བསྡུས་འཕྲིན་གྱི་རྣམ་པས་འབྲེལ་ཡོད་འགོ་ཁྲིད་ལ་ཡར་ཞུ་བྱེད་དགོས་ལ། དེ་ལྟར་བྱས་ན་དུས་ཐོག་དང་ཡང་དག་པའི་སྒོ་ནས་དངོས་ཡོད་གནས་ཚུལ་ཁོང་དུ་ཆུད་ཐུབ་པ་དང་ཡང་དག་པའི་བརྡར་ཤ་གཅོད་ཐུབ་པས། ནར་འགྱངས་བྱེད་མི་རུང་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་།”ཞུང་གོ་ཏུང་གི་སྐེད་པ་ན་བའི་དབང་གིས་ཡུན་རིང་དུ་ཙོག་ནས་སྡོད་མི་རུང་མོད། རྒྱུ་ཆ་རྣམས་དུས་ལྟར་གོང་རིམ་ལ་སྤྲོད་པར་ཁག་ཐེག་བྱེད་ཆེད། ཁོས་ལངས་རེས་དང་ཙོག་རེས་བྱས་ནས་འབྲི་བཞིན་འདུག

དཀའ་ངལ་ལ་གདོང་གཏད་དེ་བྱ་བ་བདེ་བླག་ངང་འགྲུབ་པར་བྱེད་པའི་ཞུང་གོ་ཏུང་ཡང་དཔེ་མཚོན་ལྟ་བུར་ཅིས་ཀྱང་བགྲང་མི་རུང་སྟེ། རྒྱུ་མཚན་ནི་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་དུ་དེ་ནི་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་ལས་མ་འདས། “ཁོ་ཚོ་ནི་ང་ཚོའི་དཔེ་སྟོན་ལས་ཁུངས་ཡིན།”“‘ཆེས་ལེགས་པའི་དོ་དམ་བྱས་ནས། ཆེས་ལེགས་པའི་རུ་དཔུང་སྐྱོང་བ་དང་། ཆེས་ལེགས་པའི་གྲུབ་འབྲས་བཏོད་ཅིང་། ཆེས་ལེགས་པའི་སྣང་བརྙན་བསྐྲུན་པ’ནི་ཁོ་ཚོར་མཚོན་ན་ཁ་གཡང་ཙམ་མ་ཡིན་པར། དོན་དམ་གཡེལ་མེད་ཀྱི་འགུལ་སྐྱོད་ཅིག་ཡིན།”གོང་རིམ་འགོ་ཁྲིད་དང་ལས་ཁུངས་གཅིག་པའི་ལས་གྲོགས་གང་ཡིན་རུང་། རྫོང་ཏང་ཨུའི་གཞུང་ལས་ཁང་ལ་གནང་བའི་གདེང་འཇོག་ཤིན་ཏུ་མཐོ།

ལོ་ལྔའི་རིང་ལ། རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་གོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་། འོག་ནས་ཁུལ་ཏང་ཨུ་དང་རྫོང་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རྣམས་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་སྐྲུན་པ་སོགས་ཀྱི་བྱ་བར་ཟོལ་མེད་ཡང་དག་གི་རྟོག་དཔྱོད་གཞི་གྲངས་འདོན་སྤྲོད་བྱས་པ་དང་། རྭ་རྒྱ་གྲོང་རྡལ་གྱི་རི་ཉིལ་བའི་ས་གཤིས་གནོད་འཚེ་དང་གངས་རི་ཡུལ་ཚོའི་འདམ་རུད་བྱུང་བའི་རང་བྱུང་གནོད་འཚེ། “5·22”ས་ཡོམ་གནོད་འཚེ་སོགས་རང་བྱུང་གནོད་འཚེ་ཆེན་པོ་འོས་འཚམ་སྒོས་ཐག་གཅོད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ། དེ་དང་ཆབས་ཅིག རིགས་མི་འདྲ་བའི་ཡིག་ཆ3600ལྷག་ལ་འཆར་ཟིན་བཀོད་ཅིང་། རྟོག་དཔྱོད་སྙན་ཞུ20བརྩམས་པ་དང་། འཕྲིན་ཐུང་དང་བསྡུས་འཕྲིན་སོགས་བསྣན་ན་རགས་རྩིས་ཀྱིས་ཡིག་གྲངས་བྱེ་བ་ལྷག་བྲིས་ཡོད།

གཞུང་སྒྲུབ་ཐོག་ཁང་དུ“སྐལ་བཟང་མེ་ཏོག”བཞད།

སྐལ་བཟང་མེ་ཏོག་ཅེས་པའི་ཁྲོད་ཀྱི“སྐལ་བཟང”ནི་དུས་སྐབས་བཟང་པོ་ལ་གོ་བས་དེ་ལ་བདེ་སྐྱིད་མེ་ཏོག་ཅེས་ཀྱང་འབོད་ལ། དེས་དུས་ཡུན་རིང་བོར་བོད་རིགས་མང་ཚོགས་ཀྱིས་བདེ་སྐྱིད་ལ་སྨོན་པའི་སེམས་འདུན་མཚོན་ཡོད། རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་ནི་གཞུང་སྒྲུབ་ཐོག་ཁང་དུ་བཞད་པའི“སྐལ་བཟང་མེ་ཏོག”ཡིན་ཏེ། རྒྱུ་མཚན་ནི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་དེ་སྲིད་ཇུས་ཀྱི་ལག་ལེན་ཁྲོད་ནས་བྱུང་བ་དང་། སྲིད་ཇུས་དེ་དག་ནི་ཁོ་ཚོར་བརྟེན་ནས་གོང་འོག་ཀུན་ལ་སྤེལ་གྱིན་ཡོད་པས་ཡིན།

ཟླ4པའི་ཚེས19ཉིན་གྱི་ཞོགས་པའི་ཆུ་ཚོད2དང་སྐར་མ38སྟེང་། རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཀྲིག་ཧྲིན་ཅི་ཡིས་གཞུང་ལས་ཁང་གི་སྒོ་གཏན་ཞིང་ཉིན་གཅིག་གི་བྱ་བ་མཇུག་བསྡུས་སོང་། ཀྲིག་ཧྲིན་ཅི་ཡིས་སྒོ་གཏན་པའི་གློག་ཀླད་དུ་ད་སོ་མ་བྲིས་པའི་སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཡར་ཞུའི་རྒྱུ་ཆ་ཉར་ཡོད་ལ། དེ་ནི་རྫོང་ཏང་ཨུའི་གཞུང་ལས་ཁང་གིས་གཟའ་འཁོར་གཅིག་ལ་ལས་སྣོན་བྱས་པའི་གྲུབ་འབྲས་རེད། དེའི་ནང་དུ་གནད་དོན་གྱི་ཞིབ་འགྲེལ་ཡོད་ལ་ལེགས་ཆའི་བྱེ་བྲག་གི་གོ་རིམ་ཡང་བཀོད་ཡོད་པས། ལས་འདིར་རྒྱུས་མངའ་མེད་པའི་མི་ཞིག་གིས་བལྟས་པའི་ཚེ་ཡང་སེམས་སུ་གསལ་ལེར་འཁོར་ཡོང་བ་ཞིག་ཡིན།

“སྤུས་དག་ཡིན་ན་ད་གཟོད་ཚད་ཐིགས་སུ་སླེབས་ཐུབ།” “སྒྲུབ་ཚེ་ལེགས་པར་བསྒྲུབ་དགོས། འདོན་ཚེ་སྤུས་དག་འདོན་དགོས།”འདི་ནི་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་དུས་རྒྱུན་གྱི་རྣམ་འགྱུར་ཡིན། “ང་ཚོའི་འདི་རུ་རྒྱུ་ཆ་བཟང་པོ་ཞིག་བྱུང་ན། ད་གཟོད་འགོ་ཁྲིད་རྣམས་ཀྱིས་ཡང་དག་པའི་ཇུས་ཐག་གཅོད་པ་དང་། མང་ཚོགས་ལའང་ཤིན་ཏུ་འཚམ་པའི་སྲིད་ཇུས་ཤིག་འཐོབ་པ་རེད”ཅེས་ཀྲིག་ཧྲིན་ཅི་ཡིས་གསར་འགོད་པར་དེ་ལྟར་བཤད་པ་དང་། མི་སྒེར་གྱིས་མ་ཟིན་བཏབ་པ་ནས་གཅིག་བསྡུས་སྒོས་ཞུ་དག་བྱེད་པ་དང་དེ་ནས་ཚན་ཆུང་གིས་མ་ཟིན་གཏན་འཁེལ་བྱེད་པའི་བར་དུ། ཁོ་ཚོས་ཡིག་འབྲུ་རེ་རེ་དང་སྐད་ཆ་རེ་རེ་ནན་ཏན་གྱིས་བསྡུར་དཔྱོད་བྱས་ནས་འགལ་འཛོལ་གཡོལ་ཐབས་བྱས་པས། དུས་ཚོད་ནི་འདི་ལྟར་ཤེས་མེད་ཚོར་མེད་ངང་ཕར་ལ་འདས་ཏེ་མགོ་བོ་ཡར་འགྱོགས་དུས་ད་གཟོད་ནམ་གུང་དུ་སླེབས་པ་ཤེས།

རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་དུ་བཅར་འདྲི་བྱས་པའི་ཉིན་གཉིས་ཀྱི་དུས་ཚོད་ནང་དུ། གསར་འགོད་པས་ཐུན་མོང་ཚོགས་པ་འདིའི་མི་རེ་རེར་མཚོན་ན་ལས་སྣོན་བྱེད་པ་ནི་རྒྱུན་རྣམ་ཞིག་དང་མཚན་སྐྱེལ་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་རྟོགས་ཤིང་། མགྱོགས་ཟས་ཀྱི་སྣོད་དང་སྟབས་བདེ་ཐུག་པ། རྟག་ཏུ་གློག་སྒོ་ཕྱེ་ནས་ཡོད་པའི་གློག་དེམ་སོགས་ལས་ལས་སྣོན་བྱས་པའི་ཤུལ་རྗེས་དག་མང་དུ་མཐོང་ཐུབ།

སྐལ་བཟང་མེ་ཏོག་གི་མཚོན་དོན་ནི་མཛེས་སྡུག་ཅེས་པ་ཡིན་ཡང་། དེ་ཡི་ཆེད་དང་ཕྱིར་དུ་བློས་གཏོང་མཁན་དག་ནི་དེ་བས་ཀྱང་མཛེས་སྡུག་ལྡན། རྫོང་ཏང་ཨུའི་གཞུང་ལས་ཁང་ཞེས་པའི་སྡེ་ཁག་འདི་ལ་གཟབ་ནན་ལས་གཞན་ད་དུང་འགན་འཁུར་ཡོད་དེ། “མི་དམངས་ཀྱི་འདོད་བློ་ཚིམ་པའི་གཞུང་ཞབས་པ་ཐུན་མོང”གི་མཚན་སྙན་ཐོབ་པ་ནི་ཁོ་ཚོར་མཚོན་ན་ཁས་ལེན་དང་གདེང་འཇོག་ཅིག་ཡིན་པར་མ་ཟད། དེ་བས་ཀྱང་མ་འོངས་བྱ་བའི་ཐད་ཀྱི་སྐུལ་ལྕག་ཅིག་ཡིན་པས། “རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་གཟི་བརྗིད་དང་འགན་འཁྲི་གང་ཞིག་ཡིན་རུང་། ཟུར་གང་ཞིག་ནས་བརྗོད་ནའང་། འདི་ནི་ཆེས་ལེགས་པ་དེ་ཡིན་ཞེས་བརྗོད་མི་ཐུབ་ཅིང་དེ་ལས་ཀྱང་བཟང་བ་ཞིག་ཨེ་འཁྱོངས་ལ་འབད་དགོས་པ་དེ་ཡིན”ཞེས་ཀྲིག་ཧྲིན་ཅི་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།