ཕྱུགས་ཟོག་ཉུང་དུ་འཚོ་བ་དང་རྒྱུད་བཟང་འཚོས་ནས་སྔ་མོར་བཙོང་ན་བཟང་།
2023.05.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

ཕྱུགས་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ན། སྲོལ་རྒྱུན་ཕྱུགས་ལས་ནས་སྐྱེ་ཁམས་ཕྱུགས་ལས་དང་། དེ་ནས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ལ་བརྒྱུད་པའི་འཕེལ་རྒྱས་ཀྱི་དུས་རིམ་ཚང་མ་ནི་རྩྭ་ཐང་དང་ནོར་ལུག་བར་གྱི“འཐབ་རྩོད”ཅིག་རེད། སྲོལ་རྒྱུན་ཕྱུགས་ལས་ཀྱི་དུས་སྐབས་སུ་ནོར་ལུག་གི་གྲངས་ཀ་གཙོ་བོར་བཟུང་བས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཉེན་ཁར་འཕྲད། སྐྱེ་ཁམས་ཕྱུགས་ལས་ཀྱི་དུས་སྐབས་སུ་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་རྩྭ་ཕྱུགས་དོ་མཉམ་ལག་བསྟར་བྱས་ཏེ་དུས་ཚིགས་བཞི་པོར་རེས་བསྐོར་ནས་འཚོས། ལྗང་མདོག་སྐྱེ་ཁམས་ཕྱུགས་ལས་དུས་སྐབས་སུ། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ལེགས་པོར་འཚོས་ཏེ་གསོ་ཡུན་ཇེ་ཐུང་དང་རྩྭ་ཐང་གི“ཁུར་པོ”ཇེ་ཡང་དུ་བཏང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་ཕྱུགས་ཟོག་ཉུང་དུ་འཚོ་བ་དང་ལེགས་པོར་འཚོ་བ་ནི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་གྱུར་ཡོད་ལ། ལས་བྱེད་པ་དང་མང་ཚོགས་ཚང་མས་ཕྱུགས་ཟོག་ཉུང་དུ་འཚོ་བ་དང་ལེགས་པོར་འཚོས་ན་ད་གཟོད་ཁེ་སྤོགས་ཐོབ་པ་མགྱོགས་པ་ཤེས་ཡོད།

ཧི་ནན་རྫོང་གིས་རང་བྱུང་རྩྭ་ས་སྤྱི་ཆིང་འབུམ་དྲུག་དང་ཁྲི་དྲུག་སྟོང་གཉིས་ལ་བརྟེན་ནས། བསྟུད་མར་ལོ་ངོ་བཅུ་བཞིའི་རིང་སྐྱེ་ལྡན་ལ་ཡང་བསྐྱར་ངོས་འཛིན་ཐོབ་པ་དང་། ཤོ་ཏོའི་ནོར་གནག་དང་དངུལ་རའི་ལུག རྨ་ཁུག་རྟ་སྟེ་ཕྱུགས་རྒྱུད་འདི་གསུམ་པོ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་མིང་ཐོའི་གྲས་དང་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ས་གཤིས་མཚོན་རྟགས་ཀྱི་གྲས་སུ་ཚུད་དེ། རྒྱལ་ཡོངས་སུ“དག་ཞིང་སོག་རྫོང་། ཁོངས་ཡོངས་ལྷད་མེད”ཀྱི་ཐོན་ལས་ཡུལ་ཁོངས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་ཅིང་། “གཙང་གསུམ་ཕྱུགས་ར”དང“སྔོན་པོའི་མཚོ”“ཨ་མའི་ཞོ”སོགས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ཚོང་རྟགས་སྐོར་ཞིག་བསྐྲུན།

གསར་འགོད་པས་ཧི་ནན་རྫོང་དུ་བཅར་འདྲི་བྱེད་སྐབས། ཡུལ་དེའི་མཉམ་ལས་ཁང་གིས་རྩ་འཛུགས་བྱས་པའི་དངུལ་རའི་ལུག་གི་རྒྱུད་བཟང་དཔྱད་འདེམས་བྱ་འགུལ་ཞིག་ལ་ཞུགས་པའི་གོ་སྐབས་བྱུང་། དེའི་ནང་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་གསོ་སྤེལ་མཉམ་ལས་ཁང་ཚང་མ་ཞུགས་ཡོད་ལ། དེ་ལྟ་བུའི་དཔྱད་བསྡུར་བྱ་འགུལ་སྤེལ་བ་ནི་འབྲོག་པ་མང་ཚོགས་ཀྱི་དངུལ་རའི་ལུག་གསོ་བའི་སྤྲོ་བ་སློང་བ་དང་དངུལ་རའི་ལུག་རྒྱུད་ཁྱབ་གདལ་དུ་གཏོང་ཆེད་རེད།

དཔྱད་འདེམས་བྱ་འགུལ་གྱི་འགན་སྒྲུབ་འཁུར་བའི་སོག་པའི་དངུལ་རའི་ལུག་གསོ་སྤེལ་ར་བ་ནི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རའི་ལུག་གསོ་སྤེལ་གྱི་ཆོག་འཐུས་དཔང་ཡིག་ཐོབ་པའི་གསོ་སྤེལ་ར་བ་ཁོ་ན་ཡིན། གསོ་སྤེལ་ར་བས་ལོ་རེར་རྫོང་ཡོངས་དང་ཞིང་ཆེན་ཡོངས་སུ་སྤུས་ལེགས་ཀྱི་དངུལ་རའི་ལུག་གི་རྒྱུད་པ་མཁོ་འདོན་བྱེད་བཞིན་ཡོད། ན་ནིང་། དངུལ་རའི་ལུག1300འདོན་སྤྲོད་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས། ལུག་རེ་སྒོར་སྟོང་གཅིག་དང་བདུན་བརྒྱ་ལྔ་བཅུ་རེར་བཙོངས་པས་དེ་ཁོ་ནའི་སྟེང་ནས་གསོ་སྤེལ་ར་བས་ཡོང་སྒོ་སྒོར་མོ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བདུན་བླངས།

“སྔོན་ཆད་ང་ཚོས་འདི་ནས་གསོས་པའི་ལུག་རྒྱུད་སྣ་ཁ་ཤིན་ཏུ་མང་བ་དང་། རང་ཡུལ་གྱི་དངུལ་རའི་ལུག་རྒྱུད་ཀྱང་ཇེ་ཞན་དུ་གྱུར། 2009ལོ་ནས་བཟུང་། ང་ཚོས་གསོ་སྤེལ་ར་བ་བཙུགས་ཏེ་དངུལ་རའི་ལུག་རྒྱུད་གསོ་སྤེལ་དང་ཁྱབ་གདལ་དུ་བཏང་བ་ཡིན། ལོ་ངོ་འདི་དག་གི་རིང་ལ་གསོ་སྤེལ་བྱས་པ་བརྒྱུད། དངུལ་རའི་ལུག་གི་ལྗིད་ཚད་སྔོན་ཆད་ལས་སྤྱི་རྒྱ་བཅུ་འཕར”ཞེས་གསོ་སྤེལ་ར་བའི་འགན་འཁུར་པ་གདུགས་དཀར་ཚེ་རིང་གིས་དེ་ལྟར་བཤད།

“ཕྱུགས་ཟོག་ཉུང་ཉུང་འཚོ་བ་དང་ལེགས་པོར་འཚོས་ནས་སྔ་མོར་བཙོང་བ”ནི་གདུགས་དཀར་ཚེ་རིང་གི་ཕྱུག་བསྒྱུར་མན་ངག་ཡིན། ཁོས་གསོས་པའི་དངུལ་རའི་ལུག་ལོ་ཕྱེད་ཀྱི་ནང་དུ་ལྗིད་ཚད་སྤྱི་རྒྱ་དྲུག་ཅུར་སླེབས་ལ། དེ་ལྟ་བུའི་ལྗིད་ཚད་སྤྱིར་བཏང་གི་བལ་འཇམ་ལུག་ལ་མཚོན་ནས་བཤད་ན་ཤ་གཟན་ཞིག་གི་ལྗིད་ཚད་ཡིན། འདི་ལས་དངུལ་རའི་ལུག་ལོ་ཕྱེད་ཀྱི་སྟེང་བཙོང་ན་ཆོག་ལ་གསོ་ཡུན་ཐུང་བ་ཤེས་ཐུབ།

གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤོ་ཏོའི་ནོར་གནག་གི་ཕྱུགས་རྒྱུད་སྲུང་སྐྱོབ་གནས་གཅིག་པུ་དེ་ཡིན། འཕེལ་རྒྱས་གཏོང་སྟངས་ནི་ཕྱུགས་རྒྱུད་འདོན་སྤྲོད་བྱེད་པ་དང་། སྔ་མོ་ནས་བཙོང་བ། གསོ་ཡུན་ཇེ་ཐུང་དུ་གཏོང་བ་བཅས་ཡིན།

ཕྱུགས་ཟོག་ཉུང་ཉུང་འཚོ་བ་དང་ལེགས་པོར་འཚོས་ནས་སྔ་མོར་བཙོང་བ་མངོན་འགྱུར་བྱུང་བས་མཉམ་ལས་ཁང་ལ་ཧ་ཅང་གལ་ཆེ་བའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། དེ་ནི་སྲིད་གཞུང་གིས་སྐུལ་ལྕག་བྱས་པའི་བྱས་རྗེས་དང་འབྲལ་ཐབས་མེད།

རྒྱུས་ལོན་པ་ལྟར་ན། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་ཉུང་ཉུང་འཚོ་བ་དང་ལེགས་པོར་འཚོ་བར་སྐུལ་སློང་བྱེད་ཆེད། ཧི་ནན་རྫོང་གི་སྡེ་བ་སོ་སོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ། རྫོང་རིམ་པའི་ངོས་ཐད་བཅས་ཀྱི་སྤུས་ལེགས་ཕྱུགས་རྒྱུད་དཔྱད་བསྡུར་གྱི་བྱ་འགུལ་སྤེལ་བ་ཡིན་ལ། དཔྱད་བསྡུར་གྱི་བྱ་དགའ་ཡང་ཤིན་ཏུ་བཟང་། རྫོང་རིམ་པའི་ངོས་ཐད་ཀྱི་དཔྱད་བསྡུར་བྱ་འགུལ་ནི་ནཱ་ཏ་མུའུ་ཚོགས་ཆེན་སྟེང་གི་ལེ་ཚན་གལ་ཆེན་ཞིག་ཡིན་པ་དང་། དཔྱད་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་དགའ་རྟགས་སྒོར་ཁྲི་གསུམ་ལ་སླེབས། བྱ་དགའི་སྒོར་མོ་འབོར་ཆེན་དེས་རྫོང་ཡོངས་ཀྱི་འབྲོག་ཁྱིམ་ཚང་མའི་བསམ་བློའི་འདུ་ཤེས་བསྒྱུར་བར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།