མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད།
མི་འབོར་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རྒྱལ་ལ་འཕྲད་པའི་སྤྱི་ཡོངས་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཞིག་རེད། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་གཙོ་སྐྱོང་གནང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཚོགས་འདུའི་སྟེང་མིག་སྔར་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་ཕྲུ་གུ་ཉུང་བ་དང་། རྒན་རྒོན་ཅན། ས་ཁོངས་ཀྱི་མི་འབོར་འཕར་ཆག་ཁ་གྱེས་བཅས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མངོན་པས། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ངེས་པར་དུ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་དེར་ལྟ་སྟངས་ཡང་དག་འཛིན་དགོས་ཞེས་བསྟན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཞིག་ཡིན། རང་རྒྱལ་གྱི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པའི་གཞི་ཁྱོན་དེ་ད་ཡོད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་འབོར་ལས་བརྒལ་བས་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་འབོར་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གནས་བབ་ལ་གཞིགས་ཏེ་དུས་ཐོག་ཏུ་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་པས་ལས་དོན་སྣ་ཚོགས་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། མི་འབོར་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེས་རྩ་བའི་འདེགས་སྐྱོར་ཡིན་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་འབོར་གྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་མཐར་གཏུགས་ནས་བརྗོད་ན། མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་སྟོབས་ཤུགས་འཕེལ་བར་བྱེད་རྒྱུ་དེ་ཡིན། “མི་འབོར་འཕེལ་རྒྱས་གཏོང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། ངེས་པར་དུ་མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར་རེད།
མི་འབོར་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བ་ཞིག་ཡིན་པས། མི་འབོར་གྱི་རང་ངོས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་ཚུན་ནུས་པའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་མངོན་གསལ་དོད་པའི་འགྱུར་ལྡོག་ཁ་ཤས་བྱུང་ནས་མི་འབོར་མང་བའི་གནོན་ཤུགས་འཕྲད་ཡོད་ལ། མི་འབོར་གྱི་གྲུབ་ཆའི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་ཡང་འཕྲད་ཡོད”ཅེས་གསུངས་ཡོད། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་རང་བཞིན་གྱི་དམིགས་བསལ་ཁྱད་ཆོས་གནད་ལ་འཁེལ་པོའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། འགྱུར་ལྡོག་འདི་དག་གིས་མི་འབོར་གྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དེ། མི་འབོར་ཡུན་རིང་འཕེལ་རྒྱས་ལ་ཇུས་འགོད་ཡག་པོ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་རྒྱལ་གྱི་སྤྱིའི་མི་འབོར་འཕར་ཚད་མངོན་གསལ་དོད་པོས་ཇེ་དལ་དུ་སོང་བ་དང་། ཕྲུ་གུ་བཙའ་ཚད་རྒྱུན་མཐུད་ངང་ཇེ་དམའ་རུ་ཕྱིན་པ། རྒན་རྒོན་ཅན་དུ་འགྱུར་ཚད་ཇེ་མང་དུ་ཕྱིན་པ། “ཕྲུ་གུ་ཉུང་བ་དང་རྒན་རྒོན་ཅན་མང་བ”དེ་རྒྱུན་རྣམ་དུ་འགྱུར་བ་བཅས་མཐོང་ཐུབ་པར་བྱེད་དགོས། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་པའི་ཕྱི་རོལ་ཡུལ་གྱི་གྲུབ་འབྲས་ཤིག་ཡིན་ལ། འཛམ་གླིང་དང་ཐ་ན་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཡོངས་ཁྱབ་ཏུ་འཕྲད་པའི་གནད་དོན་ཞིག་ཀྱང་ཡིན། གནས་བབ་གསར་པའི་མདུན་དུ་ངེས་པར་དུ་དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་། མི་འབོར་འཕེལ་རྒྱས་ཀྱི་མཐུན་རྐྱེན་སྟངས་འཛིན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་རང་འགུལ་དེ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས།
རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་དེར་ལྟ་སྟངས་ཡང་དག་འཛིན་པར་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས་ལ། སྤྱི་ཡོངས་དང་། འཕེལ་ཕྱོགས། ཡུན་རིང་བཅས་ཀྱང་མཐོང་ཐུབ་པར་ཕྱོགས་ཡོངས་ཀྱི་མིག་རྒྱང་ནས་མི་འབོར་གྱི་འགྱུར་ལྡོག་ལ་སྟངས་འཛིན་དང་། རྩོད་སྒྲུབ་ཀྱི་བསམ་གཞིག་ལ་བརྟེན་ནས་མི་འབོར་འགྱུར་ལྡོག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བར་ལྟ་སྟངས་འཛིན་པ། མི་འབོར་གྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་། དབྱེ་ཞིབ། སྲིད་ཇུས་ཐད་ནས་ཁ་གཏད་འཇལ་བ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རང་རྒྱལ་གྱི་མི་འབོར་གཞི་གྲངས་མང་བ་དང་མི་འབོར་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་བབ་ལ་འགྱུར་ལྡོག་བྱུང་མེད་པ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་རྒྱལ་ནང་གི་ཁྲོམ་རའི་ལེགས་ཆ་ཡུན་རིང་གནས་རྒྱུ་ཡིན་པ། མི་འབོར་དང་ཐོན་ཁུངས་ཁོར་ཡུག་སྔར་བཞིན་དོ་མཉམ་ཐུབ་ཙམ་གྱི་གནས་སུ་གྱུར་བ་བཅས་དང་། དུས་མཚུངས་སུ་རང་རྒྱལ་ལ་ངལ་རྩོལ་ནུས་ཤུགས་དུང་ཕྱུར་དགུ་ཙམ་ཡོད་པ་དང་ལོ་རེར་གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་བྱེ་བ་གཅིག་ས་ཡ་ལྔ་ལས་བརྒལ་བ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ནི་སྔར་བཞིན་རང་རྒྱལ་གྱི་མངོན་གསལ་དོད་པའི་ལེགས་ཆ་ཡིན་པ་བཅས་མཐོང་ཐུབ་པར་བྱེད་དགོས། དེར་བརྟེན་གལ་འགངས་ཆེ་བ་ཞིག་ནི། རང་རྒྱལ་དུ་མཐོ་རིམ་སློབ་གསོ་དང་ལེན་བྱེད་མཁན་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལས་བརྒལ་བ་དང་གསར་འཕར་ངལ་རྩོལ་ནུས་ཤུགས་ཀྱིས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ14ཟིན་ཡོད། ང་ཚོའི“མི་འབོར་མང་བའི་ལེགས་ཆ”ཤོར་མེད་ལ“ཤེས་ལྡན་མི་སྣ་མང་བའི་ལེགས་ཆའང”གྲུབ་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བཞིན་ཆེན་པོ་ཡོད་ཅེས་བརྗོད་ཆོག མ་འོངས་པར་ཕྱོགས་སྐབས། མི་འབོར་གྱི་བྱང་ཚད་མཐོ་རུ་འགྲོ་བ་དང་ཆབས་ཅིག མི་འབོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ནུས་ལྡན་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར། རྒྱུ་རྐྱེན་ཧྲིལ་པོའི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་སྔར་ལས་སྐུལ་འདེད་ཐོབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་ཤུགས་དང་མ་རྩའི་འདེགས་སྐྱོར་ནུས་ལྡན་ཐུབ་ངེས་རེད།
སྐྱོད་ལམ་གསར་པར། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་། འཐབ་ཇུས་སྤྱི་འདོམས་ལ་གཞི་ཚུགས་པ། མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་དང་རྨང་གཞིའི་ནུས་པར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ལ་ཕན་པའི་མི་འབོར་བསྡོམས་འབོར་གྱི་ལེགས་ཆའི་ནུས་པ་དང་། གྲུབ་ཆའི་ཁེ་སྤོགས། བྱང་ཚད་མ་རྩ་བཅས་ཀྱི་ལེགས་ཆ་མང་པོ་བསྐྲུན་ཡོད་པས། ང་ཚོས་མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། རྨང་གཞི་བརྟན་པོ་དང་རྒྱུན་སྲིང་གི་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་ངེས་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།