མགོན་རྒྱལ་སྡེ་བས་སྦྲ་གུར་དྲུག་ལ་བརྟེན་ནས་ཡུལ་སྐོར་གཉེར་བ།
2023.06.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

དབྱར་ཁའི་དུས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོ་མགོན་རྒྱལ་སྡེ་བའི་ལྕང་ར་ནགས་ཚལ་དུ་རྩྭ་དང་རྩི་ཤིང་ལ་མྱུ་གུ་འབུས་ནས་དབྱར་གྱི་མཛེས་ཉམས་མངོན་འདུག

མགོན་རྒྱལ་སྡེ་བའི“སྒེར་འཁོར་སྒར་ས”ནི་ལ་ངོས་ཤིག་ཏུ་གནས་ལ། ཤིང་གི་འགྲུལ་ཁང་དག་རིམ་པ་ལྟར་བསྒྲིགས་ཡོད། སྡོད་ཁང་གི་སྒྲིག་ཆས་ཆ་ཚང་ཞིང་ར་སྐོར་ནང་གི་མེ་ཏོག་སྣ་ཚོགས་རྣམ་པར་བཞད། ར་སྐོར་ཕྱིའི་བགྲོད་ལམ་ཀྱག་ཀྱོག་ཏུ་གང་སར་འཐེན་ཞིང་། ཉི་འོད་ཐད་ཀར་ནགས་ཚལ་དུ་འཕྲོས་ནས་བྱེའུ་མང་པོས་བྱེའུ་སྐད་ཀྱུར་ཀྱུར་སྒྲོག་པ་དང་མཁའ་དབུགས་དྭངས། དེ་དང་ཉེ་བའི་ས་ན་སྒར་སའི་རྟེན་གཞི་ཡོད།

“སྒེར་འཁོར་ཡུལ་སྐོར་གྱི་སྒར་ས་དང་རྟེན་གཞི་ཡོད་པའི་རྗེས་སུ། ཡང་བསྐྱར་ཡོང་མཁན་གྱི་འགྲུལ་པ་མང་ལ་སྐད་གྲགས་ཐོས་ནས་ཡོང་བའི་འགྲུལ་པ་གསར་པའང་མང་། གཟའ་འཁོར་རྗེས་མ་ནས་བཟུང་སྒོ་འབྱེད་རྒྱུ་ཡིན། སྔོན་ཆད་འདི་ན་སྦྲ་གུར་དྲུག་མ་གཏོགས་མེད”ཅེས་མགོན་རྒྱལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚེ་དབང་རྡོ་རྗེས་འགྲོ་ཞོར་བཤད་ཞོར་དུ་ཏང་ཡོན་རྒན་པ་ཡའོ་ཧོང་ཞོན་དང་མཉམ་དུ་སྡེ་བའི་སྔོན་ཆད་ཀྱི“སྦྲ་གུར་དྲུག”དང“ཕྱུག་པོར་གྱུར་པའི”འདས་དོན་ཕྱིར་དྲན་བྱས་ནས་བཤད།

“མགོན་རྒྱལ་སྡེ་བ་ཧ་ཅང་དབུལ། ཐོན་ལས་ཀྱི་རྨང་གཞི་ཞན་པས་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བའི་གྲས་སུ་བཞག་མྱོང་། རི་ངོས་ཡོངས་སུ་རྡོ་ཡིས་ཁེངས་ཤིང་ལུང་ཤུར་གང་སར་ཁྱབ། སྡེ་མི་རྣམས་ཕྱི་ལ་འགྲོ་དཀའ་ཞིང་སྨན་པར་སྟོན་དཀའ་བ། སློབ་གྲྭར་འགྲིམ་དཀའ་བར་མ་ཟད། ཁ་པར་གྱི་བརྡ་རྟགས་ཀྱང་མེད” སྡེ་བའི་ནང་གི“ཧྲུའུ་ཅི་རྒན་པ”ཡའོ་ཧོང་ཞོན་ནི་མགོན་རྒྱལ་སྡེ་བའི་སྔོན་ཆད་ལ་ཆེས་རྒྱུས་མངའ་ཡོད་པའི་མི་དེ་ཡིན།

ཡའོ་ཧོང་ཞོན་གྱིས་བཤད་པ་ལྟར་ན། “སྡེ་མི་རྣམས་ཀྱི་འཚོ་བར་དཀའ་སྡུག་ཆེ། མདོར་བསྡུས་ནས་བཤད་ན་དེ་ནི་སྡེ་བའི་ཏང་རྩ་འཛུགས‘ནུས་མེད་ཟབ་ཟོབ’ཡིན་པའི་རྐྱེན་རེད། གོང་བུར་སྒྲིལ་ཤུགས་མེད་ལ་འཕེལ་རྒྱས་ཀྱི་རིག་ལམ་མེད། ཐོན་ཁུངས་བཟང་པོར་མ་བརྟེན་ན་མདུན་ལྗོངས་བཟང་པོ་ཞིག་ལ་བསྐྱོད་ཐབས་མེད་པ་དང་། མི་རྣམས་བློ་ཁོག་མི་མཐུན་པས་རྩྭ་ས་རྩོད་གླེང་དང་ཁྱིམ་ཚང་བར་དུ་འགལ་བ་རྒྱུན་ཆད་མེད་པར་འབྱུང་གིན་འདུག”

2017ལོར། ཁྲི་ཀ་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་སྡེ་བར་སྦྲ་གུར་དྲུག་བྱིན་ནས་སྡེ་མི་རྣམས་ལ་ཡུལ་སྐོར་ལས་རིགས་གཉེར་དགོས་པའི་སྐུལ་སློང་བྱས་མོད། འོན་ཀྱང་ཚོང་དེ་གཉེར་མཁན་གཅིག་ཀྱང་མ་བྱུང་།

སྐབས་ཐོག་དེར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཡོད་པའི་ཡའོ་ཧོང་ཞོན་མདུན་དུ་མཆོང་ཞིང་ཡར་རྒྱུག་མར་རྒྱུག་བྱས་པའི་མཐར། སྡེ་མི6ལ་སྐུལ་སློང་བྱས་ཏེ་སྦྲ་གུར་འགན་ལེན་བྱེད་དུ་བཅུག་ནས། གྲོང་གསེབ་ཡུལ་སྐོར་གྱི་འགྲུལ་པ་ཐར་ཐོར་སྣེ་ལེན་བྱས། ཡུལ་སྐོར་གཉེར་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ཡའོ་ཧོང་ཞོན་གྱི་སྐད་ཆ་ལྟར་བཤད་ན། “ཚང་མས་ཁྱེད་ཀྱིས་དེ་ལྟར་ལས་ན། ང་ཡིས་འདི་ལྟར་ལས་པས་ཧ་ཅང་ཐར་ཐོར་རེད། སྡེ་བའི་ནང་གི་ཐུན་མོང་དཔལ་འབྱོར་ནམ་ཡང་ཀླད་ཀོར་ཡིན་པ་དང་། ཁོར་ཡུག་བཅོས་སྐྱོང་དང་དོ་དམ་བྱེད་ཐབས་ཀྱང་རྗེས་ཆོད་བཞིན་མེད།”

2021ལོར། སྡེ་བའི་ཨུ་ཡོན་ལྷན་ཁང་ཚན་ཁག་སྐབས་བརྗེ་འདེམས་བསྐོ་བྱེད་སྐབས་ཚན་ཁག་ཁོངས་མིའི་ཆ་སྙོམས་ལོ་ཚོད་ལོ40ཡིན་པ་དང་། དེའི་ཁར་ལས་སྐྲུན་གྱི་ཉམས་མྱོང་ཡོད་ཅིང་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་ཚེ་དབང་རྡོ་རྗེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས་ནས་འགན་འཁུར་དུ་བཅུག་པས། མཐུན་སྒྲིལ་དང་འབད་བརྩོན། དངོས་གཉེར་གྱི་སྲོལ་ཞིག་རིམ་བཞིན་ཆགས་ཏེ་སྡེ་བའི་ནང་དུ་ཤེས་མེད་ཚོར་མེད་ངང་འགྱུར་ལྡོག་འབྱུང་མགོ་བརྩམས།

“སྦྲ་གུར་དྲུག་ཉོས་ནས་ཐར་ཐོར་དུ་ཡོད་པའི་སྒར་སྡོད་རྟེན་གཞི་དེ་འཕེལ་རྒྱས་དང་རྒྱ་ཆེར་བཏང་སྟེ། སྒེར་འཁོར་ཡུལ་སྐོར་གྱི་སྒར་ས་བསྐྲུན་པ་ཡིན།”

ཕྱི་རོལ་དུ་ལོ་མང་པོར་འགྲིམ་ཞིང་ཡུལ་སྐོར་ལས་རིགས་གཉེར་བའི་ཉམས་མྱོང་ཡོད་པའི་ཚེ་དབང་རྡོ་རྗེ་ཡིས་རིག་ལམ་གསར་པར་བརྟེན་ནས་ཚང་མའི་མིག་རྒྱ་བསྐྱེད།

ངེད་ཚང་གིས་སྦྲ་གུར་ཚོང་གཉེར་བྱས་པ་བཟང་བས། སྡེ་བའི་ཐུན་མོང་ལ་སྤྲོད་དགོས་དོན་ཅི་ཡིན།

མིག་མདུན་དུ་ལྷགས་པའི་གནད་དོན་ལ་གཞིགས་ནས“ཏང་འཛུགས”ཀྱིས་རིམ་གྱིས་ནུས་པ་འདོན་སྤེལ་བྱས།

“མི་གཅིག་ཕྱུག་ན་ཕྱུག་པོར་མི་བརྩི། ཏང་ཡོན་གྱིས་ཚང་མའི་ཕྱུག་འགྱུར་ལ་སྣེ་ཁྲིད་དགོས”ཞེས་ཡའོ་ཧོང་ཞོན་སོགས་ཏང་ཡོན་རྒན་པ་རྣམས་ཡང་བསྐྱར་གདོང་མཆོང་དམག་མི་ལྟ་བུ་བྱས་ཏེ། རང་ཉིད་ཀྱིས་ལོ5ལ་གཉེར་བའི་སྦྲ་གུར་སྒར་ས་ཕངས་མེད་ཀྱིས་སྡེ་བའི་ཐུན་མོང་ལ་སྤྲད།

ཡའོ་ཧོང་ཞོན་གྱིས“སྡེ་བ་ཐུན་མོང་ལ་སྤྲོད་པར་ཐེ་ཚོམ་མེད། གཞི་ཁྱོན་ཅན་དུ་ཚོང་གཉེར་བྱས་ན་ད་གཟོད་འཕེལ་རྒྱས་འབྱུང་ཐུབ་པ་དང་། ད་རུང་ཆེད་ལས་མི་སྣས་མཛུབ་སྟོན་བྱས་ན་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ”ཟེར།

སྟོབས་ཤུགས་གསར་པར་འགུལ་སྐྱོད་གསར་པ་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལས་སྒྲུབ་ལས་སྐྲུན་གྱི་མཐོང་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེ་དང་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། དམག་འཐབ་བཙན་རྫོང་གི་ནུས་པ་ཉིན་རེ་བཞིན་འབུར་དུ་བཏོད་པས། “རིག་གནས་ཡུལ་སྐོར་གྱི་སྔོན་མཆོང”ཞིག་ཤེས་མེད་ཚོར་མེད་ངང་བྱུང་།

ཏང་འཛུགས་ཀྱིས་སྣེ་འདྲེན་བྱས་པའི་འོག མགོན་རྒྱལ་སྡེ་བའི་ཏང་ཀྲི་པུའུ་ཡིས་ལྕང་ར་ནགས་ཚལ་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱས་པ་སྟེ། 2017ལོའི་ཚུན་དུ། རིམ་བསགས་ཀྱིས་སྡེ་བའི་ནང་དུ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་བཏང་སྟེ། ཡུལ་སྐོར་སྣེ་ལེན་ལྟེ་གནས་གཅིག་དང་སྒེར་འཁོར་ཡུལ་སྐོར་སྒར་ས་གཅིག ཞིང་པའི་སྤྲོ་སྐྱིད་ཁང་དྲུག་བཅས་ལས་པས་ཡུལ་སྐོར་གྱི་ཡོང་སྒོ་སྔོན་ཆད་ཀྱི་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ནས་ད་སྐབས་ཀྱི་སྒོར་འབུམ་གཉིས་ལ་སླེབས།

ཚེ་དབང་རྡོ་རྗེ་ཡིས“ལོ་རེའི་དབྱར་ཁར་ཡུལ་སྐོར་པ་རྣམས་འཚང་ཁ་ཤིག་ཤིག་གིས་ཐོན་ཏེ་སྒར་སའི་སྦྲ་གུར་གཅིག་ཀྱང་མ་ལུས་པར་གླས་པས། ཉིན100ཡི་ནང་ཡོང་སྒོ་སྒོར་འབུམ་གཉིས་ལེན་ཐུབ་སོང་། དེ་ལ‘ཉིན་བརྒྱའི་དཔལ་འབྱོར’ཟེར་ནའང་ཆོག”ཟེར།

ད་ལྟ་མགོན་རྒྱལ་སྡེ་བར་ཡུལ་སྐོར་ཡོད་པར་མ་ཟད་ཀྲུང་བོད་སྨན་རྫས་རྒྱུ་ཆ་འདེབས་འཛུགས་ཀྱི་རྟེན་གཞི་དང་འོད་ཧྥུ་གློག་འདོན་ས་ཚིགས་ཀྱང་ཡོད། 2012ལོའི་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་སྒོར་ས་ཡ་གཉིས་ལྷག་ཡིན་ལ། སྡེ་མི300ལྷག་ལ་ཁེ་སྤོགས་བགོས། 2022ལོར། སྡེ་མི་རེར་ཆ་སྙོམས་སུ་བགོས་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་དྲུག་ལ་སླེབས། ཐོན་ལས་འཕེལ་ཚུལ་གྱི་ཤུགས་དྲག་པས་སྡེ་མི་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་སོང་ཡོད།

ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དང་ལེ་ལོ་ཡི་བྱ་སྤྱོད་བསྒྱུར་ཏེ། ཡུལ་སྐོར་གྱི་ཕོར་བ་འཆང་ཞིང་སྐྱེ་ཁམས་ཀྱི་ཡོང་སྒོ་བླངས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།

ད་ལྟ་སྡེ་བའི་ནང་དུ་གསར་དུ་ལས་བཞིན་པའི་གསོ་སྤེལ་ར་བ་དེ་ཟླ6པའི་ཟླ་མཇུག་ཏུ་འགྲུབ་ཐུབ། མ་འོངས་པའི་འཕེལ་རྒྱས་གླེང་དུས། ཡའོ་ཧོང་ཞོན་སོགས་ལས་བྱེད་པ་རྣམས་ཀྱི་རིག་ལམ་ཧ་ཅང་གསལ་བ་སྟེ། “སྡེ་བའི་ནང་དུ་ལུག1000དང་ནོར300གཅིག་བསྡུས་ཀྱིས་གསོ་སྤེལ་བྱེད་རྩིས་ཡོད་པ་དང་། ས་ཞིང་སྤྱི་ཆིང་རེ་དྲུག་གླས་ནས་ནས་དང་ལོག་དཀར་འདེབས་རྒྱུ་དང་། སྣུམ་བཙག་ཁང་བཙུགས་ཏེ་རང་རེའི་ཞིང་ལས་ཐོན་རྫས་ཐད་ཀར་སྒོ་རྩིས་ཚོང་ཁང་དུ་བཙོང་རྩིས་ཡོད་པས། ང་ཚོར་རང་ཉིད་ཀྱི་ཐོན་ལས་མུ་ཕྲེང་ཡོད་སོང”ཟེར།

མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུལ་བྱུང་དུ་གྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག “སྦྲ་གུར་དྲུག”གིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་བཟོས་པ་དང་། སྔོན་ཆད་ཀྱི“རྗེས་ལུས་སྡེ་བ”ནས་ཐག་ཉེ་རིང་ཀུན་ལ་གྲགས་པའི“དཔེ་སྟོན་སྡེ་བར”གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།