ས་མཐོའི་དྲོད་ཁང་དུ“བདེ་སྐྱིད་ཀྱི་འབྲས་བུ་སྨིན།”
2023.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

“དགེ་རྒན་ཚེ་རིང་དབང་འདུས་ལགས། ཁྱེད་ཀྱིས་ལྟོས་དང་། ང་ཚོའི་དྲོད་ཁང་ནང་གི་སུར་པན་གྱི་མྱུ་གུའི་སྐྱེ་ཚད་མཐེ་བོང་གི་ཆེ་ཆུང་ལྟ་བུ་ཡོད་པ་དང་། ཙོང་ཡང་ལིས་སྨི་སུམ་ཅུའི་ཚད་དུ་སྐྱེས་ཡོད་ཅིང་། འཕེལ་ཕྱོགས་འདི་ལ་བལྟས་ན་ད་ལོར་འབྲས་བུ་བཟང་སྨིན་ཐུབ་ངེས་རེད།” ཟླ6པའི་ཚེས4ཉིན་གྱི་ཞོགས་པར། འདེབས་འཛུགས་ལས་བཟོ་བ་བསོད་ནམས་དྲོད་ཁང་འགན་འཁུར་བ་ཚེ་རིང་དབང་འདུས་དང་ལྷན་དུ་དྲོད་ཁང་དུ་སོང་ནས་སྔོ་ཚོད་སྐྱེ་ཚུལ་གྱི་གནས་ཚུལ་ལ་ཞིབ་ལྟ་བྱས།

བསོད་ནམས་ཀྱིས་བཤད་པའི་དྲོད་ཁང་དེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཆུ་ནག་ཐང་དྲོད་ཁང་སྔོ་ཚོད་འདེབས་འཛུགས་རྟེན་གཞི་རུ་ཡོད་པ་དང་། དེ་ནི་ཆ་སྙོམས་མཚོ་འཕང་ལ་རྨིད4300ཡན་ཡོད་ཅིང་། ཟླ6པ་ཚེས་ཡང་། དྲོད་གྲང་དམའ་ཞིང་། ལོ་ཧྲིལ་བོར་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པས། གནས་འདི་ནས་སིལ་ཏོག་དང་སྔོ་ཚོད་འདེབས་འཛུགས་བྱེད་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད། དུས་ཡུན་རིང་བོར་སིལ་ཏོག་དང་སྔོ་ཚོད་ཕལ་ཆེར་ཕྱི་ནས་འདྲེན་བཞིན་ཡོད།

“སྔོན་ཆད་དགུན་ཁ་སླེབས་ཐེངས་རེར་མང་ཚོགས་ཚང་མའི་དུས་ཡུན་རིང་བོར་ཉར་འཇོག་བྱེད་ཐུབ་པའི་སྔོ་ཚོད་ཁ་ཤས་གསོག་འཇོག་བྱེད་སྲིད། འོན་ཀྱང་རིགས་མང་པོ་མེད་པས་དགུན་ཟླ་ཧྲིལ་བོར་སྔོ་ཚོད་ཀྱི་རིགས་གཅིག་གཉིས་ལས་ཟ་མི་ཐུབ།”ཚེ་རིང་དབང་འདུས་ཀྱིས་ལོ་འགའི་སྔོན་གྱི་འཚོ་བ་ལ་ཕྱིར་དྲན་བྱེད་བཞིན་ཚོར་སྣང་ཟབ་མོ་བྱུང་།

སྔོ་ཚོད་འདེབས་པར་དཀའ་ངལ་ཆེ་བ་དང་། སྐྱེལ་འདྲེན་ཐག་རིང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱིས་སྔོ་ཚོད་གསར་བ་སྔར་ལས་མང་པོ་དང་སྔར་ལས་གསར་བ་ཟ་ཐུབ་པའི་ཆེད་དུ། 2022ལོར་འབྲི་སྟོད་རྫོང་སྲིད་གཞུང་དང་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡིས་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གསུམ་ཙམ་བཏང་བ་དང་། དེ་སྔོན་སྔོ་ཚོད་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་གི་རྨང་གཞིའི་སྟེང་། རིག་ནུས་མཐོ་བའི་དྲོད་ཁང4ཉམས་གསོ་དང་བསྐྱར་སྐྲུན་བྱས་ཏེ། ཞིང་ལས་འཕེལ་རྒྱས་ཁྲོད་གནས་པའི་ཞན་ཆ་ཁ་གསབ་བྱས།

རང་འགུལ་ཅན་གྱི་ཆུ་འདྲེན་སྒྲིག་ཆས་དང་། རིག་ནུས་ཀྱིས་དྲོད་ཁང་གི་དྲོད་ཚོད་འཛིན་བྱེད་པའི་སྙོམས་སྒྲིག་མ་ལག་དང་། རང་འགུལ་གྱིས་ཡོལ་རས་ཕྱེས་བ་སོགས་ཚན་རྩལ་གྱི་རོགས་རམ་ལ་བརྟེན་ནས་དྲོད་ཁང་གིས་གངས་ལྗོངས་མཐོ་སྒང་དུ“ནུས་པ་ཆེན་པོ”མངོན་པར་བྱས་པ་དང་། རླུང་བུ་ལྡང་བ་དང་ཁངས་བབས་ཀྱང་། དྲོད་ཁང་གི་ནང་དུ་ཐོག་མཐའ་བར་གསུམ་དུ“དཔྱིད་ཀྱི་རྣམ་པ་ཤར”འདུག  མིག་མདུན་གྱི་དལ་བུར་སྐྱེས་བཞིན་པའི་སྔོ་ཚོད་ལ་ལྟ་བཞིན། རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་ལས་བྱེད་མི་སྣ་ཚེ་རིང་དབང་འདུས་གྱིས་རང་ཉིད་དང་ལས་གྲོགས་ཚོའི་འབད་བརྩོད་དོན་མེད་མིན་པ་གཞི་ནས་རྟོགས།

དྲོད་ཁང་ཆེན་མོ་འཛུགས་སྐྲུན་བྱས་ཚར་མ་ཐག ང་ཚོའི་སེམས་ཁྲལ་བྱེད་ས་ནི་སྒྲིག་ཆས་བཀོལ་སྤྱོད་བྱེད་མ་ཤེས་པར་ཐོན་ཁུངས་ཡག་པོ་དོན་མེད་དུ་འཕྲོ་བརླག་བཏང་བ་དེ་རེད། བསོད་ནམས་གྱིས་ཕྱོགས་གཅིག་ནས་མྱུ་གུའི་འདེབས་འཛུགས་ལ་ལྟ་ཞིབ་བྱེད་ཞོར་ཕྱིར་དྲན་བྱས།

སྒྲིག་ཆས་གསར་བ་ཡོད་ཀྱང་འཇོན་མི་དང་ལག་རྩལ་གྱི་འདེགས་སྐྱོར་མེད་ཚེ་ཡོད་ཚད་སྟོང་བ་རེད། འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས། རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡིས་མྱུར་དུ་ཆེད་མཁས་པ་གདན་འདྲེན་བྱས་ནས་དྲོད་ཁང་གི་ལག་རྩལ་མཛུབ་ཁྲིད་པ་གདན་དྲངས་ཏེ། འདེབས་འཛུགས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས། ལག་རྩལ་མཛུབ་ཁྲིད་པའི་དཔུང་ཁག་ནང་མང་ཆེ་བ་ནི་ས་གནས་དེ་གའི་འདེབས་འཛུགས་ཉམས་མྱོང་ལྡན་པའི་འདེབས་འཛུགས་ཁྱིམ་ཚང་ཆེན་མོ་ཡིན། ཁོ་ཚོ་ས་གནས་དེ་གའི་གནམ་གཤིས་དང་ས་རྒྱུ་སོགས་ཁོར་ཡུག་ལ་གསལ་ཆ་ཡོད་པས། མཛུབ་ཁྲིད་བྱས་ན་ཕན་ནུས་ཆེན་པོ་ཡོད་པ་དང་། ཅང་མ་འགོར་བར་འདེབས་འཛུགས་དྲོད་ཁང་གི“མི་གསར་བ”རྣམས“ཆེད་མཁས་པ”རུ་འགྱུར་དུ་བཅུག

ཚེ་རིང་དབང་འདུས་ཀྱིས་བཤད་རྒྱུར།“ཟླ་གཅིག་གི་སྔོན་ལ་ང་ཚོས་ཀྲོ་མ་ཀྲི་དང་།  ལ་ཕུག སྒྲོ་ཚལ། སུར་པན། འབྲུ་སེའུ། ཆུ་ཀུབ་སོགས་སྔོ་ཚོད་ཀྱི་མྱུ་གུ་དང་སིལ་ཏོག་གི་མྱུ་གུ་བཅུ་ལྷག་ཉོས།  ལག་རྩལ་མཛུབ་ཁྲིད་པའི་ང་ཚོར་དྲོད་ཚད་དང་བརླན་ཚད་ཚོད་འཛིན་བྱེད་དགོས་པའི་སྐོར་ཁྲིད།  གལ་སྲིད་ད་ལོར་སྔོ་ཚོད་འདེབས་འཛུགས་ལེགས་འགྲུབ་བྱུང་ཚེ། སང་ལོ་ནས་བཟུང་ང་ཚོའི་འདེབས་འཛུགས་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་ནས་རྫོང་ཁོངས་གཏོགས་ཀྱི་སྔོ་ཚོད་རང་མཁོ་རང་སྤྲོད་བྱེད་ཚད་སྔར་བས་མཐོ་རུ་གཏོང་ཐུབ ”ཟེར།

དྲོད་ཁང་དུ་སྔོ་ཚོད་ཡག་པོར་སྐྱེས་པ་དེས་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་བྱས། གནས་ཚུལ་ལས་ཤེས་རྟོགས་བྱུང་བ་ལྟར་ན། དྲོད་ཁང་རྟེན་གཞི་རུ་ལས་ཀ་བྱེད་མཁན་གྱི་ལས་བཟོ་བ་ཚང་མ་ས་གནས་དེ་གའི་དབུལ་ཐར་ཁྱིམ་ཚང་ཡིན། ལོ་རེའི་ཟླ4ནས6བར་ཁོ་ཚོ་ཚང་མས་དྲོད་ཁང་ནང་ནས་ལས་ཀ་བྱེད་བཞིན་ཡོད། བསྟན་དར་རང་བཞིན་ནི་ཟོ་རྒྱ་ཡུལ་ཚོ་འདམ་ཆུ་སྡེ་བའི་དབུལ་ཐར་ཁྱིམ་ཚང་ཞིག་ཡིན་ཞིང་། ཁོ་རང་ལོ་ན་དེ་འདྲ་མི་ཆེ་ཞིང་སྐྱི་ལྤགས་ནག་ལ། བལྟས་ཚོད་ལ་རིག་པ་གྲུང་ཞིང་ལས་ལ་མཁས་པ་ཞིག་ཏུ་སྣང་། ཁོ་ཡང་བསོད་ནམས་དང་འདྲ་བར་ལོ་སྟོད་དུ་འདིར་ཡོང་ནས་ལས་གཉེར་བྱས་པ་ཡིན་ལ། ད་ལྟ་ཁོ་ཚོ་ཚང་མ་འདི་གའི་ལག་རྩལ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད། འདི་ནས་ལས་ཀ་ལས་ན་ཁེ་སྤོགས་ཡོད་པ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ཡང་སྦྱོང་ཐུབ་པ་དང་། བདེ་སྐྱིད་ཀྱི་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད། མ་འོངས་བར་ངའི་ལག་རྩལ་མང་ཙམ་སྤྱངས་ནས་ཕྱིར་ཕ་ཡུལ་ལ་ལོག་རྗེས་ཕྱུགས་ཟོག་འཚོ་སྐྱོང་ལས་གཞན་ད་དུང་སྔོ་ཚོད་བཏབ་ནས་བཙོང་ཆོག  བསྟན་དར་རང་བཞིན་གྱི་གདོང་ན་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ཡོད།

གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ལས་སྔོན་ལ་སྤེལ་དགོས།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་བསྟན་དོན། གྲོང་གསེབ་དར་སྤེལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དབུལ་ཐར་ཕྱུག་འགྱུར་གྱི་གྲུབ་འགྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་སྒོས་འཛུགས་སྐྲུན་བཅས་བྱེད་དགོས། འབྲི་སྟོད་རྫོང་གིས་ཚད་གཞི་མཐོ་བའི་སྒོ་ནས་མཉམ་ཤུགས་གཅིག་སྡུད་བྱས་ཏེ་ད་ཡོད་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་བྱས་ནས་ཞིང་ལས་འཕེལ་རྒྱས་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དང་འགྲོ་སོང་ཇེ་ཉུང་དུ་བཏང་སྟེ། ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ་སྔོ་ཚོད་དྲོད་ཁང་ཆེན་མོས་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་་ཐུབ་པ་བྱུང་། འབྲི་སྟོད་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་འགོ་གཙོ་བཀྲ་ཤིས་རྒྱ་མཚོ་ཡིས་བཤད་རྒྱུར།“མ་འོངས་བར་ང་ཚོས་འདེབས་འཛུགས་ལག་རྩལ་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་འདེབས་འཛུགས་ཀྱི་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་པ། ཞིང་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབས་ལ་དམིགས་ནས་ཡུལ་བབ་དང་བསྟུན་པ་དང་རང་ནུས་གང་ཡོད་བཏོན་ཏེ། མཐའ་འཁོར་གྱི་འབྲོག་པ་སྔར་ལས་མང་པོ་ལས་ཞུགས་ཐུབ་པར་མུ་མཐུད་དུ་སྐུལ་ཁྲིད་བྱེད་རྒྱུ་ཡིན”ཟེར།

དངོས་སྦྱོང་སློབ་མ། སྨན་བླ་སྐྱིད།