མཉམ་འབྲེལ་སྤྱི་ཁྱབ་ཁང་གི་ཕྱུག་འགྱུར་གྱི་རེ་བ་གསར་པ།
2023.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

རྩྭ་མགོ་འབུས་མ་ཐག་ཏུ་ཕྱུགས་ཁྱུ་གང་སར་རྒྱུ་བཞིན་འདུག ནམ་ཟླ་དབྱར་ཁ་སླེབས་ཀྱང་གངས་ལྗོངས་མཐོ་སྒང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྔར་བཞིན་འཁྱག་བསིལ་བསིལ་ཏུ་གནས།

ཕྱོགས་བཞི་གངས་རིས་བསྐོར་བའི་རྨ་ཆེན་རྫོང་མཉམ་འབྲེལ་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་གཡང་དཀར་ལུག་ཕན་མཐོ་གསོ་སྤེལ་རྟེན་གཞིའི་ནང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག ལུ་གུ་རྩེབས་པའི་དུས་གཞུང་ད་རུང་ཡལ་མེད། ལུ་གུ་ཁྱུ་དང་ཁྱུ་བྱས་ཏེ་དེང་རབས་ཅན་གྱི་ལུག་རའི་ནང་དུ་གནམ་ལྡིང་ས་ལྡིང་བྱེད་བཞིན་ཡོད་ལ། གཡང་དཀར་ལུག་གི་འབའ་སྒྲ་ལས་ཡུལ་དེར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།

ཞོགས་པའི་དུས་ཚོད་བདུན་གྱི་སྟེང་། གཡང་དཀར་ལུག་ཕན་མཐོ་གསོ་སྤེལ་རྟེན་གཞིའི་ལུག་རྫི་ལྕགས་བྷོ་དང་ཁོའི་ཆུང་མ་གཉིས་མལ་ལས་ལངས་ཏེ་ཁ་ལག་བཀྲུས་རྗེས། ལུས་ལ་གྱོན་གོས་གྱོན་ནས་ཉིན་གཅིག་གི་ལས་ཀར་བྲེལ་མགོ་བརྩམས། ལུག་ར་ཕྱགས་པ་དང་གཟན་རྩྭ་སྦྱིན་པ། ལུག་ཁྱུར་ཆུ་ལྡུད་པ་སོགས་ལས་ཀ་མང་བས་ལྕགས་བྷོ་ཉི་མ་ནུབ་རག་བར་དུ་བྲེལ་དགོས་ལ་དུས་ཚོད་ལྟར་ཟ་མ་ཟ་ཁོམ་ཡང་མེད།

ད་ལོ་ལོ64ཡིན་པའི་ལྕགས་བྷོ་ནི་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་མི་ཡིན་ལ། སྔོན་ཆད་རྨ་ཆེན་རྫོང་རྒྱལ་ཁབ་ཕྱུགས་རའི་ཕྱུགས་རྫི་ཞིག་རེད། ལོ་ངོ40ཙམ་ལ་གཡང་དཀར་ལུག་འཚོས་པའི་ཉམས་མྱོང་ཡོད། སྲོལ་རྒྱུན་གྱི་ལུག་འཚོ་སྟངས་ནི་གསོ་སྤེལ་བྱེད་སྟངས་སྟབས་བདེ་ཞིག་སྟེ། ཕལ་ཆེར་ལུག་རྫི“ལུག་གི་རྗེས་སུ་དེད་པས་ཆོག”ལ། རྩྭ་ཆུ་འཛོམས་པའི་ཕྱུགས་ར་ཁོ་ནར་བརྟེན་པས་ཀྱང་ལུག་ཁྱུ་ལེགས་པོར་འཚོ་ཐུབ་པས། ལྕགས་བྷོ་རྩྭ་ཐང་གི་སྤྱང་ཀི་མ་གཏོགས་སྐྲག་དགོས་ས་མེད་ལ་སེམས་ཁུར་བྱེད་དགོས་སའང་མེད།

ད་ལྟ། གནམ་ལ་བརྟེན་ནས་འཚོ་བ་རོལ་བའི་སྲོལ་རྒྱུན་གྱི་འཚོ་སྟངས་དེ་ཕྱུགས་ཁང་དང་ཕྱི་རོལ་གཉིས་ནས་འཚོ་བར་གྱུར་ཡོད་པ་དང་། ལྕགས་དང་ཨར་འདམ་གྱིས་བསྐོར་བའི་ལུག་ར་ཡོད་པས་སྤྱང་ཀིར་སྐྲག་མི་དགོས་རུང་། ཁོ་བཟའ་ཟླ་གཉིས་ཀྱི་སེམས་ལ་ལུག་འཚོ་རྒྱུ་དེ་ནི་སྔོན་ཆད་ལས་ཇེ་དཀའ་རུ་གྱུར་ཡོད་པས།  “ལུག་གི་རིན་ཐང་སྔར་བས་ཇེ་མཐོར”འགྲོ་རྒྱུ་དེ་ནི་ཁོ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་སེམས་འདུན་དུ་གྱུར་ཡོད།

“ལུ་གུ་རྩེབས་རྒྱུ་ཡོད་པའི་མ་མོར་ཆེད་དུ་གཟན་རྩྭ་སྟེར་དགོས་པ་དང་། མ་མོས་ལུ་གུ་རྩེབས་རྗེས་གཟན་རྩྭ་ཁ་གསབ་ལ་འགན་སྲུང་བྱས་ཏེ་ལུ་གུར་ནུ་རྒྱུ་ཡོད་པར་ཁག་ཐེག་བྱེད་དགོས”ཞེས་ལྕགས་བྷོས་བཤད་ཞོར་དུ་མ་རྨོས་ལོ་ཏོག་གི་གཟན་ཆས་ཆས་གཞོང་ནང་དུ་གཏོར། མ་མོ་རེ་རེ་བཞིན་ཆས་གཞོང་མདུན་དུ་ཡོང་སྟེ་མགོ་བོ་བསྲིངས་ནས་གཟན་ཆས་འཕྲོག་རེས་ཀྱིས་ཟོས་སོང་།

གཡང་དཀར་ལུག་ནི་མཚོ་བོད་མཐོ་སྒང་གི་ཕྱུགས་རྒྱུད་ལེགས་གྲས་ཤིག་ཡིན་ལ། ཤ་དང་བལ། པགས་པ་བཅས་བེད་སྤྱད་ཆོག་པའི་མཐོ་སྒང་རང་བཞིན་གྱི་འབྲོག་ལུག་ཅིག་ཡིན། རང་ཡུལ་གྱི་རང་བྱུང་ནམ་ཟླའི་ཆ་རྐྱེན་ལ་འོས་འཚམ་རང་བཞིན་ཅུང་ལེགས་པོ་ལྡན་ཞིང་ལུག་ཁྱུའི་སྤུས་ཀ་བཟང་ཞིང་བལ་མདོག་གཅིག་མཐུན་ཡིན་པར་མ་ཟད། ཐོན་སྐྱེད་རང་བཞིན་ཀྱང་བཟང་།

དུས་ཡུན་རིང་པོར་རྨ་ཆེན་རྫོང་གིས་གཡང་དཀར་ལུག་གསོ་བའི་སྲོལ་རྒྱུན་རྒྱུན་འཛིན་བྱས། སྤུས་ལེགས་སྣ་ཁར་སྲུང་སྐྱོབ་དང་ཕྱི་རོལ་གྱི་སྤུས་ལེགས་ཕྱུགས་རྒྱུད་ནང་འདྲེན་བྱེད་ཚད་མི་འདང་བའི་རྐྱེན་གྱིས་ཕྱུགས་རྒྱུད་ཉམས་པ་དང་། ཕྱུགས་ཀྱི་ཤ་དང་འོ་མ་སོགས་ཀྱི་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཚད་ཀྱང་མར་ཆག་སྟེ། རྨ་ཆེན་རྫོང་གི་མཉམ་ལས་ཁང་མང་པོ་དང་འབྲོག་ཁྱིམ་རྣམས་ཀྱི་ཡོང་འབབ་མར་ཆག

2022ལོར་རྨ་ཆེན་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཀྱི་རྫོང་རིམ་པའི་མཉམ་འབྲེལ་སྤྱི་ཁྱབ་ཁང་བཙུགས་ཏེ། གཡང་དཀར་ལུག་ཅེས་པའི་རང་ཡུལ་གྱི་ཐོན་ལས་འདི་ལ་དམིགས་ནས། “ཞན་ཆ་ཁ་གསབ་དང་སྤུས་མཚག་མཐོར་འདེགས། ཕན་འབྲས་འཕར་བ”དམིགས་འབེན་དུ་བརྩིས་ཤིང་། ཐོན་ལས་ཕན་འཕར་གྱི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ཏེ། སྣ་ཁའི་སྤུས་ཚད་དང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ། ཐོན་ལས་གྲུབ་ཚུལ་བཅས་བསྟུད་མར་ཇེ་ལེགས་སུ་བཏང་།

ས་གནས་ཀྱི་གཡང་དཀར་ལུག་གི་སྲུང་སྐྱོབ་དང་གསར་སྤེལ་རྒྱ་ཆེར་གཏོང་དགོས་ན་ཚན་རྩལ་ནང་འདྲེན་བྱེད་རྒྱུ་ནི་གནད་འགག་ཡིན། དེའི་རྐྱེན་གྱིས་རྨ་ཆེན་རྫོང་གིས་ཚན་རྩལ་ཆེད་མངགས་ཚོགས་སྒྲིག་གི་ཞབས་ཞུ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆེད་མཁས་པས་བསམ་འཆར་བཏོན་པ་བརྒྱུད། གཡང་དཀར་ལུག་ཕན་མཐོ་གསོ་སྤེལ་རྟེན་གཞི་ཡིས་གཡང་དཀར་ལུག་ལ་ཚན་རིག་ལྟར་སྡེབ་པའི་གཟན་རྩྭ་འདོན་སྤྲོད་བྱས།

རྨ་ཆེན་རྫོང་ཞིང་ཕྱུགས་ཅུས་ཕྱུགས་སྨན་ས་ཚིགས་ཀྱི་འགོ་གཙོ་ལིའུ་ཁྲིན་ལུའུ་ཡིས་ཆས་གཞོང་ནང་གི་གཟན་རྩྭ་སྤར་བ་གང་ལག་ཏུ་བཟུང་སྟེ་མཚམས་སྦྱོར་བྱས་པ་སྟེ། “ན་ནིང་གི་ཟླ12པ་ནས་གཟན་རྩྭའི་སྡེབ་ཁ་བསྒྱུར་བའི་ཚུན་དུ་ན་ནིང་གི་དགུན་ཁ་དང་ད་ལོའི་དཔྱིད་ཀར་ལུ་གུ400ལྷག་རྩེབས། གསོན་ཚད་སྲོལ་རྒྱུན་གསོ་སྤེལ་ལས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད”ཟེར།

ལིའུ་ཁྲིན་ལུའུ་ཡིས་ལུག་ར་ནང་གི་གསར་དུ་རྩེབས་པའི་ལུ་གུ་རྣམས་ལ་ལྟ་ཞོར་དུ་ལུ་གུ་ཞིག་བཟུང་སྟེ། “ཁྱེད་ཀྱིས་ལུ་གུ་འདིར་ལྟོས་དང་། རྗེས་ཕྱོགས་ཕྱུགས་རྒྱུད་འདིའི་རིགས་ང་ཚོས་འདོར་དགོས”ཟེར།

ལིའུ་ཁྲིན་ལུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་རྨ་ཆེན་རྫོང་སྐྱེ་ཁམས་ཕྱུགས་ལས་ཀྱི་རྫོང་རིམ་པའི་མཉམ་འབྲེལ་སྤྱི་ཁྱབ་ཁང་གིས་གཡང་དཀར་ལུག་གི་སྤུས་ལེགས་རྒྱུད་པ་འདེམས་གསོ་དང་རྒྱུད་པའི་མཛོད་འཛུགས་པ་དེ་བྱ་བ་གཙོ་བོར་བརྩིས་ནས། སྤུ་མདོག་དང་གཟུགས་གཞི་སོགས་ཀྱི་ཕྱིའི་ཁྱད་ཆོས་གཞིར་བཟུང་སྟེ་རིགས་རྒྱུད་པ་འདེམས་རྒྱུ་ཡིན་པར་མ་ཟད། ཁྲོམ400འདེམས་པ་དང་འདོར་བ། སྤུས་ལེགས་ཁྲོམ་གྱི་ཁམས་དཀར་མིས་ཐབས་ཀྱིས་བླངས་ཤིང་འཁྱགས་ཉར་བྱས་པ་བརྒྱུད་ནས་ཕྱུགས་ཟོག་གི་སྣ་ཁ་ཇེ་ལེགས་སུ་གཏོང་བའི་དམིགས་ཡུལ་འགྲུབ་ཏུ་འཇུག་རྒྱུ་རེད།

མིག་སྔར། རྨ་ཆེན་རྫོང་གཡང་དཀར་ལུག་ཕན་མཐོ་གསོ་སྤེལ་རྟེན་གཞི་རིམ་བཞིན་གཞི་ཁྱོན་ཅན་དུ་གྱུར་ཡོད་པ་དང་། ལུག་གི་གྲངས་ཀ1800ཡས་མས་ཡོད། རང་བྱུང་གི་མ་མོ་ལུ་གུར་རྒྱུག་པའི་དུས་ཡུན་ཅུང་རིང་བས། རྩེབས་རྒྱུ་ཡོད་པའི་མ་མོར་གཟན་རྩྭ་ཇི་ལྟར་ཁ་གསབ་བྱེད་རྒྱུ་དང་ལུ་གུ་མང་པོར་འགོག་སྨན་ཇི་ལྟར་རྒྱག་རྒྱུ་སོགས་ཀྱི་གནད་དོན་རབ་དང་རིམ་པ་མིག་མདུན་དུ་ལྷགས་ཡོད།

ལིའུ་ཁྲིན་ལུའུ་ཡིས་གཟན་རྩྭ་ཁ་གསབ་བྱས་ནས་ལུག་གི་ཤ་ཤེད་ལ་འགན་སྲུང་གང་ལེགས་བྱེད་པའི་རྨང་གཞིའི་འོག སྐྱེ་ལམ་འགགས་པ་གཤོང་བ་དང་སྨན་རྫས་སོགས་མིའི་ཐབས་ལ་བརྟེན་ནས་མ་མོ་རྣམས་དུས་མཉམ་དུ་ལུ་གུར་རྒྱུག་ཏུ་བཅུག་པ་ཡིན། དུས་ཚོད་གཅིག་གི་ནང་དུ་མི་བཟོས་ཁམས་དཀར་བཏབ་ན་རྩེབས་པའི་དུས་ཚོད་ཀྱང་གཅིག་ཡིན། དེ་ལྟར་བྱས་ན་བདག་སྐྱོང་བྱེད་སླ་བར་མ་ཟད། དུས་མཚུངས་སུ་ལོ་གཅིག་ལ་ཐེངས་གཅིག་རྩེབས་པ་དེ་མིའི་ཐབས་ལ་བརྟེན་ནས་ལོ་གཉིས་ལ་ཐེངས་གསུམ་རྩེབས་སུ་འཇུག་ཐུབ་པས། རྒྱ་ཆེར་གསོ་བའི་དམིགས་ཡུལ་སྔར་བས་མངོན་འགྱུར་བྱེད་ཐུབ་ལ་རྟེན་གཞིའི་དཔལ་འབྱོར་ཕན་འབྲས་ཀྱང་སྔར་བས་མཐོར་འདེགས་སུ་གཏོང་ཐུབ་ཟེར།

“མཉམ་འབྲེལ་སྤྱི་ཁྱབ་ཁང་གི་སྣེ་ཁྲིད་འོག རྨ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་མཉམ་ལས་ཁང་ལ་སྣེ་དྲངས་ནས་སྲོལ་རྒྱུན་གསོ་སྤེལ་གྱི་འདུ་ཤེས་བསྒྱུར་ཏེ། དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་གཡང་དཀར་ལུག་གི་ཐོན་ལས་བསྐྲུན་པ་དང་མཉམ་དུ། འབྲོག་པ་མང་ཚོགས་སྔར་བས་མང་པོ་ཞིག་གི་ཡོང་སྒོ་འཕར་བར་སྣེ་ཁྲིད་རྒྱུ་ཡིན”ཞེས་རྨ་ཆེན་རྫོང་ཞིང་ཕྱུགས་ཅུས་ཀྱི་ཅུའུ་ཀྲང་གཞོན་པ་འབྲུག་ཐར་གྱིས་གསར་འགོད་པར་དེ་ལྟར་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།