ལྕི་ཆུ་ཁ་རུ་ཡང་བསྐྱར་གཡང་དཀར་ལུག་གི་འབའ་སྒྲ་སྒྲོག
2023.06.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

ཉེ་ལམ།   གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་ཡུལ་ཚོ་ནས་ལམ་ལ་ཆས་ཏེ་སྡོམ་པ་ཡུལ་ཚོའི་དཀར་སྨད་སྡེ་བར་སོང་བ་དང་། འགྲོ་རོགས་ནི་དཀར་སྨད་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་ཉི་མ་རེད། ལམ་བར་ཧྲིལ་བོ་ལ་དང་ལུང་བས་ཁྱབ་ཅིང་། མཐོ་ཚད་ལ་ཧ་ལམ་རྨིད4800ཡན་གྱི་ཉག་ག་གསུམ་ཡོད་ལ། བཀྲ་ཤིས་ཉི་མས་ཀུ་རེའི་ཚུལ་དུ་ང་ཚོར་མཚོན་ན་མཐོ་ཚད་ལ་རྨིད4000མ་ལོངས་པའི་ཉག་ག་ཐམས་ཅད་ཉག་གར་མི་བརྩི་ཟེར།

རླངས་འཁོར་ཡུས་ཧྲུའུ་བསྐོར་ལམ་བརྒྱུད་ནས་མཚམས་ཤིག་ལ་སླེབས་རྗེས། ཀྱག་ཀྱོག་གི་བྱེ་ལམ་ཞིག་ལ་ཐུག་པ་དང་། དེ་ནས་དུས་ཚོད་གསུམ་ལྷག་གི་རྗེས་སུ་དཀར་སྨད་སྡེ་བའི་ལུག་གསོ་མཉམ་ལས་ཁང་དུ་ཐོན། མཉམ་ལས་ཁང་དེ་ལྕི་ཆུ་འགྲམ་གྱི་གྲོག་རོང་ཞིག་ཏུ་གནས་ལ། གྲོག་རོང་གི་ངོས་གཉིས་ཚང་ཚིང་སྟུག་པོའི་ནགས་ཚལ་གྱིས་གཡོགས་འདུག

འདི་ལྟ་བུའི་ལམ་དང་འདི་ལྟ་བུའི་ལམ་ཐག་ལ་བཀྲ་ཤིས་ཉི་མ་གཟའ་འཁོར་རེར་ཐེངས་གཉིས་གསུམ་ལ་རྒྱུག་དགོས་པ་དང་། མཚམས་རེར་ལས་གཞིའི་དོན་དང་ཚོགས་འདུར་ཞུགས་དགོས། མཚམས་རེར་ཡུས་ཧྲུའུ་གྲོང་ཁྱེར་དུ་སོང་ནས་རང་ཉིད་གཏོགས་པའི་ལས་ཁུངས་ཏེ་ཡུས་ཧྲུའུ་ཁུལ་སྡོད་ཁང་དང་འཛུགས་སྐྲུན་ཅུའུ་ལ་བྱ་བའི་འཕེལ་རིམ་ཡར་ཞུ་བྱེད་དགོས།

2022ལོའི་ཟླ4པའི་ཚེས1ཉིན་གྱི་ཞོགས་པར། བཀྲ་ཤིས་ཉི་མ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་རུ་སོང་སྟེ་རྩལ་ནུས་གསོ་སྐྱོང་གི་དོན་དག་སྒྲུབ་ཏུ་འགྲོ་བའི་སྐབས་སུ་རླངས་འཁོར་གྲམ་པའི་ནང་དུ་ལྷུང་། རླངས་འཁོར་བརླགས་རུང་མི་ལ་སྐྱོན་མ་བྱུང་།

དེ་ལྟར་ནའང་། བཀྲ་ཤིས་ཉི་མ་ཐོག་མའི་གདམ་ག་སྟེ་འབྲེལ་གཏུག་སྡེ་བར་སོང་སྟེ་གྲོང་གསེབ་དར་སྤེལ་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་བར་འགྱོད་པ་སྐྱེས་མ་མྱོང་། བཀྲ་ཤིས་ཉི་མ་ནང་ཆེན་ནས་སྐྱེས་ཤིང་ནང་ཆེན་ནས་འཚར་ལོངས་བྱུང་། བཀྲ་ཤིས་ཉི་མ་སྡེ་སྡོད་ཧྲུའུ་ཅིའི་འགན་འཁུར་དུ་ཡོང་དུས་དབུལ་ཐར་མཁྲེགས་གཏོར་གྱི་དུས་སྐབས་སུ་ཁེལ་འདུག ཡུས་ཧྲུའུ་ཁུལ་སྡོད་ཁང་དང་འཛུགས་སྐྲུན་ཅུའུ་ནི་དཀར་སྨད་སྡེ་བའི་འབྲེལ་གནས་རོགས་སྐྱོར་ལས་ཁུངས་ཡིན། སྔོན་ཆད་བཀྲ་ཤིས་ཉི་མའང་ལས་ཁུངས་ཀྱི་ལས་གྲོགས་ཚོ་དང་མཉམ་དུ་དཀར་སྨད་སྡེ་བར་ཐེངས་འགའ་སོང་མྱོང་། སྐབས་དེར་སྡེ་བའི་ནང་གི་གནས་ཚུལ་མཐོང་རྗེས་བཀྲ་ཤིས་ཉི་མས་སྡེ་བའི་འབྲོག་པ་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུའི་སེམས་ཐག་བཅད།

2021ལོར། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཏེ་གྲོང་གསེབ་དར་སྤེལ་བྱེད་མགོ་བརྩམས། བཀྲ་ཤིས་ཉི་མས་རང་འགུལ་གྱིས་ལས་ཁུངས་ལ་འབྲེལ་གནས་སྡེ་བར་བསྡད་ནས་སྡེ་མི་རྣམས་ལ་ཐོན་ལས་འཕེལ་རྒྱས་སུ་གཏོང་རོགས་བྱེད་རྒྱུའི་རེ་བ་བཏོན།

སྡེ་བར་ཐོན་མ་ཐག་བྱེ་བྲག་གི་རིག་ལམ་ཅི་ཡང་མེད་པ་སྟེ། ཇི་ལྟར་ལས་སམ་ཡང་ན་ཅི་ཞིག་ལས་སམ། སྡེ་བར་ཐོན་རྗེས་སྡེ་མི་རྣམས་ལ་གྲོས་བྱས་པ་དང་། འཚམས་འདྲི་རྟོག་ཞིབ་བྱས་ནས་འབྲོག་ལུག་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བཀྲ་ཤིས་ཉི་མས་གསར་འགོད་པར་དེ་ལྟར་བཤད།

ཅིའི་ཕྱིར་འབྲོག་ལུག་ཐོན་ལས་བདམས་པ་ཡིན་ནམ་ཞེ་ན། བཀྲ་ཤིས་ཉི་མས་འཚམས་འདྲི་དང་རྟོག་ཞིབ་བྱས་པ་ན། སྔོན་ཆད་སྡེ་བའི་ནང་དུ་འབྲོག་ལུག་གསོས་པར་ཕན་འབྲས་ཧ་ཅང་བཟང་པོ་ཐོན་མོད། འོན་ཀྱང་དེའི་རྗེས་སུ་ནང་ཆེན་རྫོང་དུ་འབྲོག་ལུག་མཐོང་རྒྱུ་མེད་པར་གྱུར།

ནང་ཆེན་རྫོང་ཕར་ཞོག་ཡུས་ཧྲུའུ་ཁུལ་ཡོངས་སུ་འབྲོག་ལུག་མཐོང་དཀའ་བར་གྱུར།

ནང་ཆེན་རྫོང་གི་འབྲོག་ལུག་ཅིའི་ཕྱིར་སྟོང་བར་གྱུར་བ་ཡིན་ནམ་སྙམ་ནས་བཀྲ་ཤིས་ཉི་མས་འཚམས་འདྲི་རྟོག་ཞིབ་བྱས་པ་ན། དེ་ལ་རྒྱུ་རྐྱེན་གཉིས་ཡོད་པ་ཤེས། གཅིག་ནི་འབྲོག་ལུག་གསོས་ན་ངལ་རྩོལ་ནུས་ཤུགས་མང་པོ་དགོས་ལ། གསོ་ཡུན་ཀྱང་རིང་བས་མ་རྩ་མཐོ་བ་དང་། གཉིས་ནི་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་བཙོང་མི་འདོད་པ་དང་བཤའ་མི་འདོད་པའི་འདུ་ཤེས་དྲག་པོ་ཆགས་ཡོད་པས་རེད།

གནད་དོན་དེ་ཤེས་རྗེས་བཀྲ་ཤིས་ཉི་མ་ཁྱིམ་ཚང་མང་པོར་སོང་སྟེ་ཏང་གི་སྲིད་ཇུས་བཟང་བོ་དྲིལ་སྒྲོག་བྱས་ཏེ་མང་ཚོགས་ལ་ཁ་ཏ་སློབ་གསོ་བྱེད་ཞོར། ལས་གཞི་བརྩོན་ལེན་དང་མཐུན་སྦྱོར་བྱས་ཏེ་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་རྣམ་པས་ལུག་གསོས་པ་རེད།

2021ལོའི་ལོ་མཇུག་ཏུ། བཀྲ་ཤིས་ཉི་མས་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་མོ་ས་ཡ་གཉིས་བཀོལ་ནས། དཀར་སྨད་སྡེ་བའི་ལུག་གསོ་མཉམ་ལས་ཁང་བཙུགས། ཕྱུགས་ཁང་དང་གཟན་རྩྭ་གསོག་འཇོག་ཁང་ལས་ཤིང་ལུག་ར་བསྐོར་ཏེ། སྲོལ་རྒྱུན་གྱི་ལུག་གསོ་སྟངས་དེ་བསྒྱུར་ཞིང་འབྲི་སྟོད་རྫོང་ནས་རྫ་སྐྱའི་ལུག660ཉོས།

ང་ཚོ་འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་ལུག་གསོ་སྟངས་ལ་གངས་ཆག་སོགས་བྱུང་ཚེ་གྱོང་གུད་ཚབས་ཆེན་འབྱུང་ངེས་ཡིན། དེ་བས་ང་ཚོས་གཟན་རྩྭ་གསོག་འཇོག་ཁང་ལས་ཤིང་ལུག་རའི་ལྕགས་ར་མཐོ་ཞིང་བརྟན་པོར་བསྐོར་ནས་སྤྱང་ཀི་དང་གཡི་དཀར།དྲེད་མོང་། གསའ་སོགས་གཅན་གཟན་བཀག་པ་ཡིན་ཞེས་བཀྲ་ཤིས་ཉི་མས་བཤད།

ལུ་གུ་རྩེབས་པའི་དུས་སྐབས་གཉིས་བརྒྱུད་རྗེས་མཉམ་ལས་ཁང་གི་ལུག་གི་གྲངས་ཀ་དེ་1200ལྷག་ལ་བསླེབ་ཐུབ་པ་དང་།  སྐབས་དེར་ནང་ཆེན་རྫོང་གི་ལུག་གསོ་གཞི་ཁྱོན་ཆེས་ཆེ་བའི་མཉམ་ལས་ཁང་དུ་འགྱུར་ངེས། གསོ་སྤེལ་གྱི་མ་རྩ་གྲོན་ཆུང་བྱེད་ཆེད། མཉམ་ལས་ཁང་གིས་ཆེད་དུ་ཕྱུགས་རྫི་གླས་མེད་པར་སྡེ་མི་རྣམས་རེས་བསྐོར་ནས་ལུག་རྫི་བྱེད་བཞིན་ཡོད། ཟླ་རེའི་ཕྱུགས་རྫི་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཏང་ཡོན།  སྡེ་མི་བཅས་ལས་གྲུབ་པ་རེད། བལ་འབྲེག་པ་དང་རིལ་མར་བདག་བྱེད་པ། གད་སྙིགས་འཐུ་བ་སོགས་ཀྱི་བྱ་བ་སྡེ་མི་ཚང་མས་མཉམ་དུ་ཡོངས་འགྲུབ་བྱེད་བཞིན་ཡོད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དུང་དཀར་གྱིས་ཟླ་བ་སྔོན་མར་རེས་བསྐོར་ནས་ལུག་རྫི་བྱས་ཏེ་ལུག་ཁྱུར་རྣ་རྟགས་རྒྱག་པར་བྲེལ་བཞིན་འདུག  སྡེ་བའི་ནང་གི་ལུག་གསོ་ཐོན་ལས་ཀྱི་འཕེལ་རྒྱས་གླེང་དུས། དུང་དཀར་གྱི་གདོང་ལ་དགའ་སྤྲོས་ཁེངས་ནས། སྡེ་བའི་ནང་གི་ལུག་གསོ་ལས་དོན་བདེ་བླག་འབྱུང་ཐུབ་པ་སེམས་ལའང་མ་དྲན། ལོ་ངོ་མང་པོའི་རིང་ལུག་གསོ་མཁན་མ་བྱུང་། ལུག་གསོས་པ་བརྒྱུད་སྡེ་བའི་ནང་གི་བསམ་པའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་གསར་འགོད་པར་ཟེར།

སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བྱུང་བ་ནི་དཀར་སྨད་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་གོམ་པ་དང་པོ་ཡིན་ལ། ཕྱིན་ཆད་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གཞིས་འཚམ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་གོ་ཆོད། འཚོ་བ་ཕྱུག་པོ་བཅས་ཀྱི་སྤྱིའི་བླང་བྱ་མངོན་འགྱུར་བྱེད་རྒྱུ་ནི་བཀྲ་ཤིས་ཉི་མའི་འཆར་གཞི་རེད།

མིག་སྔར། ང་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བ་གཙོ་བོ་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་ཕྱིར་བཙོང་ཚད20%ཡན་དུ་བསླེབ་ཏུ་འཇུག་རྩིས་ཡོད། དེར་མཐུད་ནས་བལ་གྱིས་ལག་ཤེས་ཐོན་རྫས་ལས་ཏེ་བཙོང་རྩིས་ཡོད་ལ། རིལ་མའང་སྐྱེ་ལྡན་ལུད་དུ་བཙོང་རྩིས་ཡོད་ཅེས་མཇུག་མཐར་བཀྲ་ཤིས་ཉི་མས་གསར་འགོད་པར་དེ་ལྟར་བཤད།

                                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།