ཏང་ཡོན་གང་དུ་སླེབས་ཀྱང་ཏང་རྩ་འཛུགས་ནི་སེམས་ཀྱི་ལོག་མལ་ཡིན།
2023.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

“ཨ་ཁུ། ཉེ་ལམ་ཚང་མས་ཅི་ཞིག་བྱེད་ཀྱིན་ཡོད་དམ།” འབྲུག་ཐར་ཚེ་རིང་ནམ་རྒྱུན་དང་འདྲ་བར་ལས་ཚོགས་གྲོལ་རྗེས། སྡེ་བའི་ནང་གི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་འཇམ་དབྱངས་ཚེ་རིང་ལ་ཁ་པར་བཏང་ནས་འཚམས་འདྲི་བྱས། འབྲུག་ཐར་ཚེ་རིང་དང་འཇམ་དབྱངས་ཚེ་རིང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་ཏང་ཡོན་ཞིག་ཡིན་མོད། འོན་ཀྱང་གཅིག་སྡེ་བའི་ནང་དུ་བསྡད་ཡོད་ལ། གཅིག་ཧེ་ཡན་རྫོང་དུ་ལས་ཚོགས་བྱེད་ཀྱིན་ཡོད་པ་དང་། ཁོ་གཉིས་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ཡིན།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་དང་ཞབས་ཞུ་ནི་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དར་སྤེལ་ལ་འཇོན་མི་འགུག་པ་དང་འཇོན་མི་བསྡུ་བའི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྐོར་སྐྱོད་ཏང་ཡོན་གྱི་འགྲོ་འདུག་ཚོད་འཛིན་བྱེད་དཀའ་བ་དང་དོ་དམ་དངོས་འབེབས་བྱེད་དཀའ་བ། སློབ་གསོ་སྤེལ་དཀའ་བ། བྱ་འགུལ་སྤེལ་དཀའ་བ། ནུས་པ་འདོན་དཀའ་བ་བཅས“དཀའ་བ་ཆེན་པོ་ལྔ”ཡི་གནད་དོན་ལ་དམིགས་ནས། དོ་དམ་ནང་རྐྱེན་ཧུར་ཐག་གིས་འཚོལ་ཞིབ་དང་གསར་སྐྲུན་བྱས་ཤིང་། སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་དང་ཞབས་ཞུ་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབས་ཏེ། གྲོང་གསེབ་དར་སྤེལ་ཐད་རྒྱུན་ཆད་མེད་པར་སྒུལ་ནུས་ཆེན་པོ་བསྩལ།

“རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བ་དང་། ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ། ཏང་ཡོན་གྱིས་ཏང་ཡོན་འཚོལ་བ་བཅས‘འཚོལ་བ་གསུམ’གྱི་བྱེད་ཐབས་བརྒྱུད། རྫོང་ཡོངས་ཀྱི་སྐོར་སྐྱོད་ཏང་ཡོན66གི་མཐིལ་རྟོགས་པར་བྱས།” མདོ་ལ་རྫོང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་མིང་གིས་བཤད་རྒྱུར། “ཕྱིར་འགྲོ་བར་ངེས་པར་དུ་གོང་ལ་ཆོག་མཆན་ཞུ་བ་དང་ནང་དུ་ཡོང་བར་ངེས་པར་དུ་འབྱོར་ཐོ་འགོད་པ། ཉིན་རྒྱུན་གྱི་བྱ་བ་ངེས་པར་དུ་ཡར་ཞུ་བྱེད་པ། ཡུལ་དུ་ལོག་པར་ངེས་པར་དུ་ཐོ་འགོད་ཡར་ཞུ་བྱེད་པའི”ལམ་ལུགས་ལ་བརྟེན། དུས་ནམ་ཡང་སྐོར་སྐྱོད་ཏང་ཡོན་གྱི་ཆེས་གསར་པའི་འགུལ་རྣམ་ཁོང་དུ་ཆུད་པར་བྱས་ཏེ། སྐོར་སྐྱོད་ཏང་ཡོན“ཕྱིར་སོང་ན་གཞི་ཡོད་པ་དང་ནང་དུ་ཡོང་ན་ཁྱིམ་ཡོད་པར”ཁག་ཐེག་བྱེད་དགོས་ཟེར།

“ང་ཚོས་སྐོར་སྐྱོད་ཏང་ཡོན་ལ་དོ་དམ་བྱེད་པའི་ཚོགས་པ་བཙུགས་ཡོད། ཚོགས་པ་བརྒྱུད་དེ་སྲིད་ཇུས་དང་གྲོས་ཚོགས་ཀྱི་དགོངས་དོན་དུས་ཐོག་ཏུ་སྐོར་སྐྱོད་ཏང་ཡོན་ལ་བརྒྱུད་སྒྲོག་བྱས་པ་ཡིན། དེ་མ་ཟད་ཏང་ཡོན་ལ་བསམ་འཆར་དང་དགོས་མཁོ་ཡོད་ཚེ། ཚོགས་པའི་ནང་ཐད་ཀར་དུ་རེ་བ་བཏོན་ཆོག” བཙུན་མོ་གཞུང་གྲོང་རྡལ་མཁར་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཕེ་ཅུན་གྱིས་སྐོར་སྐྱོད་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་ཁ་ཕྱེས་པ་དང་། ཚོགས་པའི་ནང་དུ་ཁོངས་མི་བཞི་བཅུ་ལྷག་ཡོད་ལ། ཤོག་ངོས་སྟེང་“སློབ་ཁྲིད་སྐྱེལ་བའི”ཆ་འཕྲིན་རེ་རེས་ཁེངས་འདུག

ལོ་ན་བདུན་ཅུ་ལྷག་ཡིན་པའི་སྟག་ལོ་ནི་མཁར་གསར་སྡེ་ཁུལ་གྱི་སྐོར་སྐྱོད་ཏང་ཡོན་ཞིག་ཡིན་པ་དང་། ཁོ་མོ་མ་གཞིར་མུ་རི་གྲོང་རྡལ་གྱི་སྡེ་མི་ཡིན་ལ། ཁྱིམ་ཚང་གི་ཆ་རྐྱེན་ཇེ་ལེགས་སུ་སོང་རྗེས་ཁྱིམ་ཚང་གང་བོ་རྫོང་མཁར་དུ་གནས་སྤར་ཏེ་འཚོ་བ་རོལ་བཞིན་ཡོད། སྡེ་ཁུལ་གྱིས་རང་འགུལ་ངང་སྟག་ལོ་ལ་འབྲེལ་གཏུགས་བྱས་ཏེ། མོ་དུས་རྒྱུན་དུ་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་ནང་གདན་ཞུ་བྱེད་ཀྱིན་ཡོད། དུས་ཚོད་འགོར་བ་དང་བསྟུན། སྤྲོ་སེམས་ལྡན་པའི་སྟག་ལོའང་སྡེ་ཁུལ་གྱི་ཕུལ་བྱུང་ཏང་ཡོན་དང་བླངས་ཞབས་ཞུ་པའི་འཐུས་མིར་གྱུར་པ་རེད།

“ཏང་དང་རྩ་འཛུགས་ཀྱིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ། སྡེ་ཁུལ་ནི་ངའི་ཁྱིམ་ཚང་གཉིས་པ་ཡིན།” སྡེ་ཁུལ་དུ་ཐོན་རྗེས། མོས་རང་འགུལ་གྱིས་ནུས་པ་འདོན་སྤེལ་བྱས་ཏེ་སྡེ་ཁུལ་གྱི་འབྲེལ་གཏུགས་པར་གྱུར་པར་མ་ཟད། དུས་རྒྱུན་དུ་སྡོད་དམངས་ཏང་ཡོན་གཞན་དག་དང་མཉམ་དུ་སྡེ་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཚང་མའི་དཀའ་ཁག་དང་དགོས་མཁོ་བསྡུ་ལེན་བྱས་ནས་སྡེ་ཁུལ་ལ་ཡར་ཞུ་བྱས་པ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་ཞིང་སྡེ་ཁུལ་ལ་ཞབས་ཞུ་གང་ལེགས་བྱས།

“འབྲུག་ཐར་ཚེ་རིང་ནི་སྐོར་སྐྱོད་ཏང་ཡོན་ཞིག་ཡིན་ལ། འཇམ་དབྱངས་ཚེ་རིང་ནི་ང་ཚོའི་སྡེ་བའི་ལས་འཁྱུར་ངལ་གསོ་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཞིག་ཡིན། ང་ཚོའི་རེ་བར་ཏང་ཡོན་རྒན་པ་དང་སྐོར་སྐྱོད་ཏང་ཡོན་གཉིས་ཆ་བསྒྲིགས་པའི་འབྲེལ་བ་དེར་བརྟེན་ནས། སྐོར་སྐྱོད་ཏང་ཡོན་ལ་སྲིད་ཇུས་བཤད་པ་དང་ཞབས་ཞུ་སྐྱེལ་བའི་གོ་རིམ་ཁྲོད། ཕ་ཡུལ་གྱི་འགྱུར་ལྡོག་གླེང་བཞིན་ཡོད།” རྫ་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མ་ཅིན་མེ་ཡིས་བཤད་རྒྱུར། བྱེད་ཐབས་འདིར་བརྟེན་ནས་སྐོར་སྐྱོད་ཏང་ཡོན་གྱིས་ཧུར་ཐག་སྒོས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཕ་ཡུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་བྱེད་པར་སྣེ་ཁྲིད་དེ། གྲོང་གསེབ་དར་སྤེལ་བྱ་བར་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱས་པ་ཡིན་ཟེར།

སློབ་ཆེན་སློབ་མ་ཡང་སྐོར་སྐྱོད་ཏང་ཡོན་གྱི་ཁོངས་མི་གལ་ཆེན་གྱི་གྲས་ཤིག་ཡིན། སློབ་ཆེན་སློབ་མའི་སྐོར་སྐྱོད་ཏང་ཡོན་ཐད་ལ་རྫ་དམར་ཡུལ་ཚོས་ཀྱང“བྱེད་ཐབས”གསར་པ་བཏོན་ཡོད། རྫ་དམར་ཡུལ་ཚོས་སྡེ་བ་དྲུག་གི་འོད་ཧྥུ་ཐོན་ལས་ཡོང་འབབ་བརྒྱུད། ཕ་ཡུལ་དུ་ལོག་པའི་དཀའ་ངལ་ཅན་གྱི་ཏང་ཡོན་སློབ་ཆེན་སློབ་མ་གདན་ཞུ་བྱས་ཏེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་སུ་བྱ་བ་སྒྲུབ་ཏུ་བཅུག སྡེ་བ་དང་སྡེ་ཁུལ་གྱི་རྗེས་གྲབས་འཇོན་མིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་སྦྲགས། གཞི་རིམ་གྱི་འཇོན་མིའི་དཔུང་སྡེ་སྔར་ལས་རྒྱ་བསྐྱེད་དེ། ཏང་ཡོན་སློབ་ཆེན་སློབ་མ་ལ་ཡུལ་ཚོ་དང་སྡེ་བའི་ལས་ཡུལ་དང་པོ་རུ་ལང་ཚོའི་གཟི་ཉམས་དང་ནུས་པ་འདོན་དུ་བཅུག་ནས་གྲོང་གསེབ་དར་སྤེལ་ཐད་ནུས་པ་ལྡན་པའི་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱས།

2021ལོར། རྫ་དམར་ཡུལ་ཚོ་ཆུ་ནུབ་སྡེ་བར་གཞིས་སྡོད་བྱས་པའི་སློབ་ཆེན་སློབ་མ་ཀའོ་ཞའོ་ཡན་སློབ་ཆེན་ནས་མཐར་ཕྱིན་རྗེས། ཕྱོགས་གཅིག་ནས་ཏང་རྩ་འཛུགས་ཀྱི་འབྲེལ་བ་སྡེ་བར་སྤོ་སྒྱུར་བྱས་ཤིང་། ཕྱོགས་གཅིག་ནས་བྱ་བ་བཙལ་མོད། འོན་ཀྱང་ཡུན་རིང་ཞིག་ལ་བྱ་བ་འོས་འཚམ་ཞིག་མ་རྙེད་པར་ལུས། ཀའོ་ཞའོ་ཡན་གྱིས་དགོད་ཞོར་དུ་བཤད་རྒྱུར། སྐབས་དེར། ང་རང་སྡེ་བའི་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་དུ་ཞུགས་པ་ཡིན། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གདན་ཞུ་བྱས་པའི་སློབ་ཆེན་སློབ་མ་སྡེ་བར་ཡོང་ནས་ལས་ཚོགས་ལ་ཞུགས་པས། ཚང་མ་དགའ་སྤྲོས་ཁེངས་སོང་ཞེས་བཤད། མོས་ལོ་གཉིས་ཀྱི་རིང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བ་བསྒྲུབས་པ་དང་། ཟླ་རེར་སྒོར་མོ་སྟོང་གཉིས་ཀྱི་ཟླ་ཕོགས་ཡོད་པར་མ་ཟད། ད་དུང་ཕ་ཡུལ་འཛུགས་སྐྲུན་ཐད་ཤུགས་འདོན་ཐུབ་པས། མོ་ཧ་ཅང་ཡིད་ཚིམ་ཡོད་ཟེར།

“ཕ་ཡུལ་དང་བྲལ་ནས་ཕྱིར་ཐོན་ཚེ། ཆེས་དྲན་སླ་བ་དང་རེ་སྙེག་བྱེད་ས་ནི‘ཁྱིམ’གྱི་དྲོད་ཁོལ་རེད། སྐོར་སྐྱོད་ཏང་ཡོན་ལ་མཚོན་ནས་བཤད་ན། ཏང་རྩ་འཛུགས་རྙེད་པ་ནི‘ཁྱིམ’རྙེད་པ་དང་མཚུངས། དེང་ཕྱིན་ང་ཚོས་སྐོར་སྐྱོད་ཏང་ཡོན་ལ་དོ་དམ་བྱེད་ཐབས་འཚོལ་ཞིབ་དང་། སྐོར་སྐྱོད་ཏང་ཡོན་གྱི་གདོང་མཆོང་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ། གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་གསར་པ་སྩོལ་ངེས་ཡིན”ཞེས་ཝང་ཡུས་མིང་གིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།