གཡོས་སྦྱོར་གསོ་སྦྱོང་ལས་གྲོང་གསེབ་དར་སྤེལ་གྱི་ཁེ་ཕན་ཐོབ་པ།
2023.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

“ཞོག་ཁོག་བརྔོས་མའི་ནང་དུ་སུར་པན་དམར་པོ་ད་རུང་ཅུང་ཙམ་སྣོན་དགོས། གྲང་ཚོད་ཀྱི་བྲོ་བ་ཅུང་གཉོམ་པས་ཚྭ་ཁུ་མང་དུ་འདེབས་རོགས། ”“ཧ་ཡང་སླ་ངའི་ལུག་ཤ་བརྔོས་མ་འདི་ད་རུང་ཅུང་ཙམ་སྲ་མོ་རེད།”ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་སྡེ་བར་ཐོན་པ་ན། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐང་ཆེན་དུ་གཡོས་སྦྱོར་རྩལ་ནུས་མཐོར་འདེགས་གསོ་སྦྱོང་སྐབས་གཉིས་པའི་བར་རྒྱུགས་ཚ་ཚ་འུར་འུར་སྒོས་ལེན་པའི་སྒང་རེད།

“དགེ་རྒན་ལགས། ཁྱེད་ཀྱིས་ཟས་ཀྱི་རྒྱུ་ཆ་ཇི་ལྟར་འདེམས་པ་ནས་མཐའ་མཇུག་གི་སྡེར་མའི་ནང་འཆུ་རག་བར་གྱི་བྱེ་བྲག་གི་གོ་རིམ་ཞིག་བཤད་རོགས”ཞེས་སློབ་མ་རྣམས་ཀྱིས་གཡོས་སྦྱོར་དགེ་རྒན་ལ་དྲིས།

“ཟས་ཀྱི་རྒྱུ་ཆ་གསར་པ་འདེམས་པ་དང་བྲོ་རྫས་ཀྱི་མང་ཉུང་རན་པར་བཏབ་ན་ད་གཟོད་བརྔོས་པའི་ཚོད་མ་ཞིམ། ཧ་ཡང་སླ་ངའི་ལུག་ཤ་བརྔོས་མ་ནི་རང་རེའི་ཁྲི་ཀ་རྫོང་གི་ཁྱད་ལྡན་ཟས་མཆོག་ཅིག་ཡིན་པས། ཚང་མས་བསླབས་ནས་ཤེས་དགོས། ཆུ་དང་གཡིས་ཀྱིས་བཙོ་བ་དང་བརྔོ་བ། བཏུམ་ནས་བཙོ་བ་བཅས་ཀྱི་གོ་རིམ་གསལ་པོར་ཤེས་དགོས། ངས་ཁྱེད་ཚོ་དང་མཉམ་དུ་མགོ་ནས་མཇུག་བར་དུ་ཡང་བསྐྱར་ཅིག་ལས”ཞེས་ཚང་མས་གཅིག་ཁ་གཅིག་གིས་འཕྲོག་སྟེ་སྐད་ཆ་བཤད་པའི་ཁྲོད་ནས་ཁ་མདོག་མཛེས་ལ་བྲོ་བ་ཞིམ་པའི་ཧ་ཡང་སླ་ངའི་ལུག་ཤ་བརྔོས་མ་ཞིག་ཚང་མའི་མིག་ལམ་དུ་བསྟར།

ཅང་མ་འགོར་བའི་སྔོན་དུ། ཁྲི་ཀ་རྫོང་ལས་ཞུགས་ཅུའུ་ཡིས་མཐུན་སྦྱོར་རོགས་རམ་བྱས་པའི་འོག ལ་ཟེ་བ་གྲོང་རྡལ་གྱིས་མཚོ་ཤར་གྲོང་ཁྱེར་ལས་བརྒྱ་ལས་རིགས་གསོ་སྦྱོང་སློབ་གྲྭའི་གཡོས་སྦྱོར་དགེ་རྒན་གྲོང་རྡལ་དུ་གདན་དྲངས་ནས་རོང་འབྲོག་པ་རྣམས་ལ་ཉིན15རིང་གི་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་བྱས། གྲོང་རྡལ་གྱི་འགོ་འཛིན་བཙུན་ཐར་རྒྱལ་གྱིས“ང་ཚོས་མགོ་མཇུག་བར་གསུམ་དུ་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་དང་ལས་ཞུགས་སྲ་བརྟན་དུ་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་ཅིང་ལས་སྐྲུན་ཁོར་ཡུག་ལེགས་སྒྱུར་བྱས་པ་བརྒྱུད་ནས་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ཡོང་བར་རོགས་འདེགས་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྦྲེལ་བར་གཏིང་ཟབ་སྒོས་སྐུལ་འདེད་བཏང་བ་ཡིན”ཟེར།

གཡོས་སྦྱོར་དགེ་རྒན་ལིའུ་ལི་ཆིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། “གསོ་སྦྱོང་གི་གོ་རིམ་ཁྲོད་དུ་ང་ཚོས་ཚང་མའི་དགོས་མཁོ་དང་སྦྲེལ་ནས་གོ་བདེ་ཞིང་མ་ལག་ལྡན་པའི་སྒོ་ནས་ཁྲིད་པ་ཡིན། གསོ་སྦྱོང་ཁྲོད་རྒྱུགས་བླངས་ནས་འཕྲོད་ཡོད་ན་དཔང་ཡིག་བྱིན་ཏེ། ཚང་མ་མ་འོངས་པར་ལས་ཀར་ཞུགས་པ་དང་ལས་སྐྲུན་བྱེད་པར་རྩལ་ནུས་ཀྱི་རྨང་གཞི་ཅུང་ལེགས་པོ་བཏིངས་ཡོད”ཟེར།

“སྲིད་གཞུང་གིས་ང་ཚོར་འདི་ལྟ་བུའི་རིན་མེད་ཀྱི་གཡོས་སྦྱོར་སློབ་སྦྱོང་གི་གོ་སྐབས་འདོན་སྤྲོད་བྱས་ཏེ། ང་ཚོར་ལག་རྩལ་ཤེས་སུ་བཅུག་པ་དང་ལས་ཞུགས་ལས་སྐྲུན་གྱི་ཡིད་ཆེས་དང་སྤོབས་པ་སྦྱིན་པར་ངོ་མ་བཀའ་དྲིན་ཆེ”ཞེས་སློབ་མ་འཕགས་མོ་འཚོས་རང་ཉིད་ཀྱིས་ལས་པའི་དྲི་ཞིམ་འཐུལ་བའི་ཧ་ཡང་སླ་ངའི་ལུག་ཤ་བརྔོས་མ་དེའི་བྲོ་བ་མྱོང་ཞོར་དུ་ཡིད་ཆེས་ཆེན་པོའི་སྒོ་ནས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། ལ་ཟེ་བ་གྲོང་རྡལ་གྱིས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པའི་སྲོག་ཤིང་བྱ་བ་འདིར་དམ་པོར་སྦྲེལ་ནས། མཚོ་སྔོན་པོ་ནས་ཆབ་ཆ་འོད་ཧྥུ་གླིང་ཁུལ་བར་དང་། དེ་ནས་ཚ་རྔ་འགག་ནས་ཁྲི་ཀ་བར་གྱི་ཡུལ་སྐོར་རྩེ་གྲས་ལམ་ཐིག་ཁྲོད་དུ་ཧུར་བརྩོན་གྱིས་འདྲེས་སུ་བཅུག་པ་དང་། མཛོ་སྣ་སྡེ་བའི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི“ཤ་འཆམ”དང་ལྷ་ཁང་ཐང་སྡེ་བའི་རྨོ་འདེབས་རིག་གནས་སྔོག་འདོན་གང་ལེགས་བྱས་ལ། དམངས་སྲོལ་རིག་གནས་ཀྱི་འཁྲབ་སྟོན་དང་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བཅས་ཕུང་བོ་གཅིག་ཏུ་འདུས་པའི་དམངས་སྲོལ་ཡུལ་སྲོལ་ཉམས་ལེན་གྱི་ཡུལ་སྐོར་ཧུར་བརྩོན་གྱིས་བསྐྲུན།

ཕ་ཡུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མདུན་ལྗོངས་མཐོང་ནས་མཛོ་སྣ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་དང་ཁོའི་བཟའ་མི་ཚོས་གྲོས་བྱས་ཏེ་སྡེ་བའི་ནང་དུ་འགྲུལ་ཁང་དང་བཟའ་བཏུང་གཙོ་བོ་ཡིན་པའི་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་ཕྱེ་རྩིས་ཡོད་མོད། འོན་ཀྱང་འོས་འཚམ་གྱི་ཇ་མ་ཞིག་ད་རག་བར་དུ་མ་རྙེད། ད་ལྟ་ཁོའི་ཆུང་མ་དང་ནུ་བོའི་ཆུང་མ་གཉིས་གསོ་སྦྱོང་ལ་ཞུགས་ཡོད་ལ། ཚོད་མ་སྣ་ཁ་མང་པོ་བརྔོ་བའི་ལག་རྩལ་བསླབ་ཡོད་པས་ཞིང་པའི་སྤྲོ་སྐྱིད་ཁང་སྒོ་ཕྱེས་བར་རྟིང་ཤུགས་བསྣན་ཡོད།

“སྔོན་ཆད་སྡེ་བའི་ནང་གི་བུད་མེད་རྣམས་ལ་ལག་རྩལ་གཅིག་ཀྱང་མེད་པས་ཕྱི་རུ་སོང་ནས་གླ་བརྒྱབ་ན་དཀའ་ཚེགས་ཤིན་ཏུ་ཆེ། བུད་མེད་མང་ཆེ་བས་སྡེ་བའི་མཐའ་འཁོར་དུ་ཕྱུགས་འཚོ་བ་ལས་བརྟན་འཇགས་ཀྱི་ཡོང་སྒོ་ཞིག་མེད། ད་ལྟ་ཁོ་མོ་ཚོས་གཡོས་སྦྱོར་ལག་རྩལ་སྦྱངས་ཡོད་པས་རང་ཁྱིམ་གྱི་ཐག་ཉེ་ས་ནས་ལས་ཀར་ཞུགས་ཐུབ”ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟག་རྩེ་ཡག་གིས་དེ་ལྟར་བཤད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། ལ་ཟེ་བ་གྲོང་རྡལ་གྱིས་ངལ་རྩོལ་ནུས་ཤུགས་ཀྱི་སྤོ་བསྒྱུར་ལས་ཞུགས་ལ་ཡར་སྐུལ་བྱེད་པ་མགོ་རྩོམ་སར་བརྩིས་ཏེ། རང་ས་ཁོངས་ཀྱི་ལོ་བཅུ་དྲུག་ནས་ལོ་དྲུག་ཅུ་བར་གྱི་ངལ་རྩོལ་ནུས་ཤུགས་དང་ལས་ཀར་ཞུགས་འདོད་ཡོད་པའི་མང་ཚོགས་ལ་ཞིབ་བཤེར་བྱས་པ་དང་། ས་བབ་དང་བསྟུན་ནས་དགོས་མཁོ་ལྟར་གསོ་སྐྱོང་བྱས་ཤིང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་ལས་ཞུགས་ཞབས་ཞུ་ཅུའུ་བཅས་དང་ཧུར་བརྩོན་གྱིས་འབྲེལ་གཏུག་བྱས་ཏེ་སྔ་གཞུག་ཏུ་བོད་ཀྱི་སྲོལ་རྒྱུན་ཁང་པའི་མཛེས་སྤྲས་ལག་རྩལ་དང་བོད་ཀྱི་གཙགས་དྲུབ་ལག་རྩལ། གཡོས་སྦྱོར་ལག་རྩལ། ས་སློག་འཕྲུལ་ཆས་དང་ཐེག་འཁོར་ཁ་ལོ་བའི་ལག་རྩལ་སོགས་ཀྱི་གསོ་སྦྱོང་སྐབས་དྲུག་ལ་སྤེལ་བ་དང་། གསོ་སྦྱོང་ཁྲོད་མི་ཉིས་བརྒྱ་ཙམ་ཞུགས་ཤིང་རྒྱུགས་འཕྲོད་ཚད95%ཡན་ལ་སླེབས།

ལས་ཞུགས་ནི་ཆེས་ཆེ་བའི་དམངས་ཚིས་ཡིན། རྩལ་ནུས་གསོ་སྦྱོང་ནི་དུས་རབས་གསར་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་ཡིན་ལ། སྡེ་མི་རྣམས་ཕྱུག་པོར་འགྱུར་བ་དང་ཡོང་སྒོ་འཕར་བའི་བྱེད་ཐབས་གོ་ཆོད་ཅིག་ཀྱང་ཡིན། “རྗེས་ཕྱོགས་ང་ཚོས‘ལག་རྩལ་སྐྱེལ་བ་དང་རྩལ་ནུས་མཐོར་འདེགས། ལས་ཞུགས་ལ་ཡར་སྐུལ་བྱེད་པ’བཅས་མགོ་རྩོམ་སར་བརྩིས་ནས་རྒྱུན་འཁྱོངས་བྱས་ཏེ། གསོ་སྦྱོང་འཛིན་གྲྭ་ཁྱིམ་ཚང་གི་སྒོ་ཁ་རུ་བསྡུ་བ་དང་། ཆེད་ལས་དགེ་རྒན་སྡེ་བའི་ནང་དུ་གདན་འདྲེན་པ། ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་པ་བཅས་བརྒྱུད་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་རྒྱུ་ཡིན་ལ། དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་བསྟར་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་རམ་འདེགས་ནུས་ལྡན་འདོན་སྤྲོད་བྱེད་རྒྱུ་ཡིན”ཞེས་བཙུན་ཐར་རྒྱལ་གྱིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།