རྨ་ཆུའི་མགོ་ཁུངས་སུ་འཕེལ་རྒྱས་ཀྱི་གོམ་ཁ་གསར་པ་སྤོ་བཞིན་འདུག
2023.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་སྦྲེལ་བའི་གནད་འགག་གི་ལོ་ལ་དམིགས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོས་དཔྱད་ཞིབ་གདེང་འཇོག་ཁྲོད་ནས་ཚུར་ལྡོག་བྱས་པའི་གནད་དོན་ལ་དག་ཐེར་ལེགས་པོ་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཤིང་། ཞིང་ཆེན་ཏང་ཨུའི་ཞིབ་བཤེར་གཅིག་དང་རྩིས་ཐོ་གཅིག དམ་བཅའ་གཅིག་གི་བླང་བྱ་དང་། ཕྱོགས་ཡོངས་ནས་གསེད་དཀྲོལ་དང་དག་ཐེར་བྱེད་པའི་གོ་རིམ་ཁྲོད་དུ་གནས་པའི་དཀའ་གནད་གནད་དོན་ལྟར། མིག་སྔར་གྱི་དག་ཐེར་དང་མ་འོངས་པའི་ཡར་འགྲེང་པར་རྐང་ཚུགས་པ་དང་། གནད་དོན་གྱི་རྩིས་ཁྲ་རིམ་པ་བཞིན་བགོས་ཏེ། དབྱེ་ཞིབ་གཏིང་ཟབ་དང་ནན་ཏན་གྱིས་ཞིབ་འཇུག་བྱས་པ་དང་། བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་བཟུང་ཞིང་ཆེས་གོ་ཆོད་ཀྱི་བྱེད་ཐབས་སྤྱད་ནས་དག་ཐེར་ཞིབ་སྒྲུབ་དངོས་སྒྲུབ་བྱས་ཏེ། ཏང་དང་མི་དམངས་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་སྤྲོད་པའི་ཐད་འབད་བརྩོན་བྱས།

དབྱར་དུས་ཀྱི་གཡུ་སྐེ་ཡུལ་ཚོའི་ག་ས་གང་དུ་རྩྭ་ལྗང་སྟུག་པོར་སྐྱེས་ཤིང་གངས་རི་ཕྲེང་ལྟར་བསྒྲིགས་ཡོད་ལ། རྩྭ་ཐང་ཀུན་ཏུ་ནོར་ལུག་བག་ཡངས་སུ་རྒྱུ་བཞིན་ཡོད་པས། མུ་མཐའ་བྲལ་བའི་ས་གཞི་ཆེན་པོར་སྐྱེ་སྟོབས་དཔལ་གྱིས་ཁེངས་འདུག

རང་རེའི་སྡེ་བས་སྡེ་སྲོལ་དམངས་ཆིངས་དག་བཅོས་བྱས་ཏེ། ཚང་མར་ཁོར་ཡུག་ལ་གཅེས་སྐྱོང་དང་དཔལ་ཡོན་ལག་བསྟར་བྱེད་དགོས་པའི་གསལ་འདེབས་བྱེད་དགོས། དེ་རིང་ཚང་མའི་བསམ་འཆར་དང་གྲོས་གཞིར་མཉན་བསམ་པ་ཡིན་ཞེས་གཡུ་སྐེ་ཡུལ་ཚོ་ལུང་དམར་སྡེ་བའི་བགྲོ་གླེང་ཚོགས་འདུའི་སྟེང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་དཔལ་ལྡན་དང་སྡེ་མི་རྣམས་མཉམ་གཅིག་ཏུ་ཙོག་སྟེ། ཚང་མས་མཉམ་དུ་སྡེ་སྲོལ་དམངས་ཆིངས་སྐོར་གླེང་བཞིན་འདུག

ཁྱིམ་མཚེས་བར་གྱི་རྩོད་གླེང་ཇི་ལྟར་སྡུམ་མམ། ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དམ་ཞེས་སྡེ་མི་རྣམས་ཀྱིས་གཅིག་འཕྲོར་གཅིག་གིས་བཤད་དེ་ཡུལ་དངོས་སུ་སྤྲོ་བས་ཁེངས་འདུག བློ་བཟང་དཔལ་ལྡན་གྱིས་སྡེ་མི་རྣམས་ཀྱིས་ཚུར་ལྡོག་བྱས་པའི་གནས་ཚུལ་རེ་རེ་བཞིན་ཟིན་ཐོར་བཀོད་ནས། སྤྱི་ཚོགས་བདེ་སྐྱོང་དང་མེ་འགོག་བདེ་འཇགས། སྡེ་སྲོལ་དམངས་སྲོལ། ཁྱིམ་མཚེས་བར་གྱི་འབྲེལ་བ། གད་སྙིགས་རིགས་བགོས་སོགས་རིགས་ལྔ་རུ་གཏན་འབེབས་རགས་ཙམ་བྱས། སྡེ་སྲོལ་དམངས་ཆིངས་ལ་འཆར་ཟིན་འགོད་པ་དང་ཚད་ལྡན་ ཞིབ་བཤེར་བྱེད་པ། སྤྱི་བསྒྲགས་བྱས་རྗེས་སྡེ་བ་གང་བོར་དྲིལ་སྒྲོག་བྱེད་པ་བཅས་བྱས་ཏེ། བོད་རྒྱ་ཤན་སྦྱར་གྱི་སྡེ་སྲོལ་དམངས་ཆིངས་དེབ་སྟོང་གཅིག་དཔར་ནས་ཚང་མར་སྟེར་རྒྱུ་བྱས།

་ཡུལ་སྲོལ་དཔལ་ཡོན་ཇེ་ལེགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་དུ་གཏོང་བའི་གནད་འགག་ཅིག་ཡིན།  སྡེ་སྲོལ་དམངས་ཆིངས་ནི་སྡེ་མི་རྣམས་ཀྱི་རིན་ཐང་ལྟ་བ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཐུན་མོང་གི་འདུ་ཤེས་གོང་བུར་འགྲིལ་ཤུགས་དེ་ཡིན་ལ། གཞི་རིམ་རང་སྐྱོང་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་ཐབས་མཆོག་གོ་ཆོད་དེའང་ཡིན། དེ་གཏན་འབེབས་བྱས་ན། སྡེ་བའི་ནང་དུ་བྱ་བ་སྣ་ཚོགས་སྒྲུབ་པར་གཞི་འཛིན་ས་དང་རྩ་བའི་སྲུང་བྱ་ཡོད་ལ། མང་ཚོགས་ལ་སྲུང་བྱ་དང་གཞི་འཛིན་སའང་ཡོད་པས། ཚང་མར་སྤོབས་ཉམས་ཀྱིས་ཁེངས་ཤིང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱང་ཡོད་ཅེས་བློ་བཟང་དཔལ་ལྡན་གྱིས་བཤད།

གྲོང་གསེབ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་པ་དང་། འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་ནས་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་སྔར་བས་ཆེ་བ་ལེན་པར་སྐུལ་འདེད་ཏན་ཏིག་བཏང་།

དགོང་མོ་དུས་ཚོད་དགུ་པའི་སྟེང་། གཡུ་སྐེ་ཡུལ་ཚོ་རྫ་དཀར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་གློག་ད་རུང་བཀར་འདུག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཚེ་རིང་དང་སྡེ་སྡོད་ལས་བྱེད་པ་བསོད་ནམས་བཀྲ་ཤིས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་རྣམས་གྲལ་གཅིག་ཏུ་ཙོག་སྟེ། དག་ཐེར་གྱི་རྩིས་ཐོར་ཞིབ་བསྡུར་བྱེད་བཞིན་ཡོད་ལ། རྩིས་ཁྲ་ལྟར་དག་ཐེར་བྱེད་ཐབས་རིམ་པ་ལྟར་ཞིབ་མོར་བཟོས།

དབྱར་ཁར་སླེབས་ཡོད་རུང་། ཆུ་དམར་ལེབ་རྫོང་གི་ནམ་ཟླ་ད་རུང་ཧ་ཅང་འཁྱགས། སྟོང་བའི་མཁའ་དབྱིངས་སུ་མཚམས་རེར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ། གངས་འདབས་ཀྱི་རྫ་དཀར་སྡེ་བ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་རེད། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་རྨིད4300ཡན་ཡོད། སྡེ་བ་དེ་ཡོངས་ལ་ཁྱིམ་ཚང562དང་མི1500ཡོད། ཕྱི་རུ་ཞོར་ལས་གཉེར་དུ་འགྲོ་བ་དང་དབྱར་རྩྭ་དགུན་འབུ་བརྐོ་བ། ཕྱུགས་ལས་གཉེར་བ་བཅས་ཀྱི་ཡོང་སྒོ་ནི་སྡེ་མི་རྣམས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། སྡེ་མི་རྣམས་ཀྱི་ཡོང་སྒོ་ཇི་ལྟར་ཇེ་མང་དུ་གཏོང་རྒྱུ་དེ་ནི་ཐེངས་འདིའི་གནད་དོན་དག་ཐེར་གྱི་སྲོག་ཤིང་རེད།

དཀའ་གནད་དེ་སེལ་ཆེད། སྡེ་སྡོད་ལས་བྱེད་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐེངས་གང་མང་དུ་བགྲོ་གླེང་ཞིབ་འཇུག་བྱས་རྗེས། རྒྱལ་ལམ215འགྲམ་གྱི་ས་གཤིས་ལེགས་ཆར་རྐང་བཙུགས་ཏེ། འབྲོག་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཤིང་རྒྱལ་ལམ་འགྲམ་དུ་ཚོང་ཁང་དང་ཟ་ཁང་། འགྲུལ་ཁང་སོགས་ཕྱེ་ནས་སྡེ་མི་རྣམས་ལ་ལས་ཞུགས་ཀྱི་ལས་རྐང་ཇེ་མང་དང་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་རྒྱུའི་སེམས་ཐག་བཅད། དུས་མཚུངས་སུ། སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་དོན་དངོས་ལ་བརྟེན་ནས་ཞིང་ཕྱུགས་ཐོན་རྫས་སྒོ་རྩིས་ཚོང་ཁང་དང་གནམ་གྲུ་ཐང་། གློག་རྡུལ་ཚོང་སྟེགས་སོགས་སུ་ཧུར་བརྩོན་གྱིས་འོས་སྦྱོར་བྱས་ཏེ། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་འཚོང་ཤུགས་ཚད་རྒྱ་སྐྱེད་བཞིན་ཡོད།

དག་ཐེར་ནི་ཆེས་མཐའ་མཇུག་གི་དམིགས་ཡུལ་མིན་པར་ཚད་མཐའི་བླང་བྱ་ཙམ་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་དག་ཐེར་བརྒྱུད་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ལེགས་པོ་བྱེད་པ་དང་། ནུས་ལྡན་གྱིས་སྦྲེལ་མཐུད་ཏན་ཏིག་བྱེད་པ། གྲོང་གསེབ་དར་སྤེལ་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་རེད། གཡུ་སྐེ་ཡུལ་ཚོས་གནད་དོན་དག་ཐེར་ལེགས་འཛིན་བྱེད་པ་དེ་གོ་སྐབས་སུ་བརྩིས་ཏེ། ཤེད་ཤུགས་མི་འཕྲི་བ་དང་བརྩོན་ཤུགས་མི་ལྷོད་པ། དམིགས་འབེན་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་འགོག་པའི་ལྟ་ཞིབ་རོགས་སྐྱོར་ནན་སྒྲུབ་བྱས་པ་དང་། དབུལ་ཐར་མང་ཚོགས་ཀྱི་བརྟན་བརླིང་གི་ཡོང་འཕར་ལ་སྐུལ་འདེད་བཏང་བ། གནད་དོན་ཤེས་ཡག་མིན་ན་མི་འདོར་བ་དང་གནད་དོན་ཐག་གིས་གཅོད་ཡག་མིན་ན་མི་ལྷོད་པ། དག་ཐེར་མཐར་སོན་པ་མིན་ན་མི་གཏོང་བ་བཅས་བྱས་ཏེ། གནད་དོན་རེ་རེ་བཞིན་དག་ཐེར་བྱས་ཤིང་རེ་རེ་བཞིན་ལག་བསྟར་བྱས།

“འབྲོག་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པ་ཇི་ལྟར་ཐག་གིས་གཅོད་དགོས་སམ།”“དཔེ་སྟོན་སྡེ་བའི་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དམ།”རོང་འབྲོག་པའི་ཉེ་འགྲམ་གྱི་རྩོལ་ལས་ཁེ་ཕན་གྱི་བརྟན་བརླིང་ཡོང་འཕར་མཐོར་འདེགས་བྱེད་པ་དང་། ཐོན་སྐྱེད་དང་ཕྱིར་འཚོང་མཉམ་འདྲེས་ལ་སྐུལ་འདེད་བྱས་ཏེ། ཚོང་རྫས་ཅན་གྱི་ཆུ་ཚད་ཇི་ལྟར་མཐོར་འདེགས་སུ་གཏོང་ངམ་ཞེས་གཡུ་སྐེ་ཡུལ་ཚོའི་རིམ་པ་སོ་སོས་ཐད་ཀར་གནད་དོན་གྱི་སྲོག་ཤིང་ལ་དམིགས་ཏེ། གཞི་རིམ་ཏང་ཡོན་དང་ལས་བྱེད་པ་རྣམས་དང་མཉམ་དུ་ཐག་གིས་གཅོད་ཐབས་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་གནད་དོན་འཚོལ་བ་དང་འགན་འཁྲི་ནན་འགེལ་བྱས་ནས་མྱུར་སྒྲུབ་མྱུར་བཅོས་བྱེད་དགོས་པ་དང་དུས་ཚོད་ཐུང་ངུའི་ནང་ཐག་གིས་གཅོད་དགོས་པའི་བླང་བྱ་བཏོན།

སྟོབས་ཤུགས་བསྟུད་མར་བཏོན་ནས་བྱས་རྗེས་ཡུན་རིང་དུ་འཇོག་དགོས།

ཡུལ་དངོས་སུ་བགྲོ་གླེང་གི་སྐད་སྒྲ་དང་ཟིན་བྲིས་སུ་འགོད་པའི་སྨྱུག་སྒྲ། ཡི་གེ་བཏགས་པའི་ཐག་སྒྲ། བྲེལ་འཚུབ་ཀྱི་གོམ་སྒྲ་བཅས་ཀྱིས་ཁེངས་འདུག ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོའི་ལས་བྱེད་པ་རྣམས་ཡོངས་སུ་ལས་རྐང་དུ་ཞུགས་ཡོད་ལ་ཤེད་ཤུགས་ཀྱིས་སྐུལ་འདེད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་བྱས་ཏེ། དག་ཐེར་བྱ་བ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད། 

   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།