ཏང་དང་མི་དམངས་ལ་ལྷག་བསམ་བློས་འགེལ་དང་དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་རྐང་འཛིན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།
ཟླ7ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས13པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《ཏང་དང་མི་དམངས་ལ་ལྷག་བསམ་བློས་འགེལ་དང་། དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་རྐང་འཛིན་པ་ཞིག་ཏུ་ འགྱུར་བར་འབད་བརྩོན་བྱེད་དགོས》ཞེས་པ་སྤེལ།
རྩོམ་ཡིག་ནང་བསྟན་དོན། ན་གཞོན་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་རྒྱུ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པ་དང་འབྲེལ་བ་ཡོད། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱས་ཏེ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཁྱིམ་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་གཏོད་པ་དང་། བླ་ན་མེད་པའི་བསམ་བློའི་གོ་རྟོགས་དོན་གཉེར་བྱེད་པ། འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་བའི་འཇོན་ཐང་སྦྱོང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་དང་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་གནོང་འགྱོད་མེད་པའི་འབད་འཐབ་ཀྱི་རྗེས་ཤུལ་འཇོག་དགོས།
རྩོམ་ཡིག་ནང་བསྟན་དོན། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཤིང་། ཕུགས་བསམ་དང་དད་སེམས་ནི་ཏང་འཛུགས་སྐྲུན་དང་ཏང་དར་རྒྱས་གཏོང་བའི་རྨང་གཞི་ཡིན་ལ། ཏང་ཡོན་ལས་བྱེད་པའི་སྲོག་རྩ་ཡང་ཡིན། ན་གཞོན་ལས་བྱེད་པས་རྒྱུན་འཛིན་ཡག་པོ་བྱེད་པར་ཆེས་གལ་འགངས་ཆེ་བ་ནི་མར་ཁེ་སིའི་རིང་ལུགས་ཀྱི་དད་སེམས་རྒྱུན་འཁྱོངས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ཆེད་དུ་འབད་འཐབ་ཀྱི་རྒྱུན་ཡག་པོ་འཛིན་དགོས་པ་དེ་རེད།
རྩོམ་ཡིག་ནང་བསྟན་དོན། རུལ་རྒོལ་འགྱུར་འགོག་གི་མཐའ་ཚད་བརྟན་པོར་སྲུང་དགོས་ཤིང་། རུལ་སུངས་ནི་སྲིད་དབང་རྩ་སློག་གཏོང་སླ་ཤོས་ཀྱི་གནད་དོན་ཚབས་ཆེན་ཞིག་ཡིན། ན་གཞོན་ལས་བྱེད་པས་ངེས་པར་དུ་སྤྱོད་གཙང་ནི་བདེ་སྐྱིད་ཡིན་པ་དང་འདོད་རྔམ་ནི་ཆག་སྒོ་ཡིན་པའི་གནས་ལུགས་ཡིད་ལ་བརྟན་པོར་ངེས་ཏེ། རྟག་ཏུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཞིབ་བསྡུར་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་ཞིབ་བསྡུར། ཐོག་མའི་བསམ་འདུན་དང་འོས་འགན་དང་ཞིབ་བསྡུར་བཅས་བྱས་ཏེ། དོན་དག་ཁ་ཤས་སྒྲུབ་འོས་མིན་དང་སྒྲུབ་ཐུབ་མིན་ལ་གསལ་པོར་བལྟས་ནས་རུལ་རྒོལ་འགྱུར་འགོག་གི་མཐའ་ཚད་སྲུང་དགོས། རུལ་རྒོལ་འགྱུར་འགོག་གི་མཐའ་ཚད་སྲུང་བར་གལ་ཆེ་ཤོས་ནི་ནང་སེམས་བསྲུང་རྒྱུ་དེ་ཡིན། ན་གཞོན་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་འགག་སྒོ་དམ་སྲུང་དང་དབང་ཆའི་འགག་སྒོ་དམ་སྲུང་། འགྲོ་འོང་གི་འགག་སྒོ་དམ་སྲུང་། འཚོ་བའི་འགག་སྒོ་དམ་སྲུང་། བརྩེ་སེམས་ཀྱི་འགག་སྒོ་དམ་སྲུང་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས་ཤིང་། ལས་བྱེད་པ་ཞིག་བྱས་ན་ལས་དོན་སྒྲུབ་དགོས་ལ་བྱས་རྗེས་ཀྱང་འཇོག་དགོས། བྱས་རྗེས་འཇོག་པར་ངེས་པར་དུ་སུའི་ཆེད་དུ་བྱས་རྗེས་འཇོག་པ་དང་། བྱས་རྗེས་གང་ཞིག་འཇོག་པ། བྱས་རྗེས་ཇི་ལྟར་འཇོག་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དེ་ཡང་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དེ་རེད། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་ཏང་གཤིས་ཡིན། ཏང་གཤིས་བརྟན་པོ་ཡོད་པ་དང་སྒེར་སེམས་སྣ་ཚོགས་དོར་ཚེ། གཞི་ནས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བར་ནོར་འཛོལ་མི་ཡོང་བའི་འགན་ལེན་བྱེད་ཐུབ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་སྐྱོང་གི་བྱས་འབྲས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས། ང་ཚོས་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ངེས་པར་དུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དོན་བཟང་དང་དོན་དངོས་མང་ཚོགས་ཀྱི་སེམས་སུ་ཟུག་ཐུབ་པར་བྱེད་དགོས། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་བྱེད་སྐབས་ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། དངོས་སྒྲུབ་དོན་གཉེར་བྱེད་དགོས་པ་ལས་སླ་བཅོས་སྤུ་ཙམ་ཡང་བྱེད་མི་རུང་།
རྩོམ་ཡིག་ནང་བསྟན་དོན། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། ན་གཞོན་ལས་བྱེད་པ་རྐང་འཛིན་པར་འགྱུར་དགོས་ན། ཀུན་སྤྱོད་རང་གི་གོ་གནས་དང་འཚམ་པར་བྱེད་དགོས་ལ། རང་གི་འཇོན་ཐང་ཡང་གོ་གནས་དང་འཚམ་པར་བྱེད་དགོས། འགོ་ཁྲིད་ཀྱི་ལས་སྒོ་འཁུར་ཐུབ་དགོས་ན་ཁོང་དུ་ཆུད་དགོས་པའི་འཇོན་ཐང་ཧ་ཅང་མང་པོ་ཡོད། ཆེས་རྩ་བར་གྱུར་བའི་འཇོན་ཐང་ནི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ནི་ལས་དོན་ཡག་པོར་སྒྲུབ་པའི་འཇོན་ཐང་ཡིན་ལ། ང་ཚོས་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་སྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པས་ངེས་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཙུགས་ནས། རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། འགན་འཁྲི་འཁུར་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། འགན་འཁྲི་འཁུར་བ་དང་འཐབ་རྩོད་ནི་སྙིང་སྟོབས་ཤིག་ཡིན་པ་དང་། དགོས་མཁོ་ཆེ་ཤོས་ནི་སྒེར་སེམས་མེད་པའི་གཤིས་རྒྱུད་དང་ཞུམ་པ་མེད་པའི་བློ་སྟོབས་ཡིན། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་བཏང་སྟེ། གོ་སྐབས་ཀྱི་མདུན་དུ་རང་འགུལ་ངང་ཕར་རྒོལ་བྱས་ནས་ཐེ་ཚོམ་མི་བྱེད་པ་དང་བབ་ལྟ་མི་བྱེད་པ། དཀའ་ངལ་གྱི་མདུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། རང་འགན་གཞན་དཀྲི་དང་གཡོལ་ཐབས་མི་བྱེད་པ། ཉེན་ཁའི་མདུན་དུ་ཁ་གཏད་ཧུར་ཐག་འཇལ་བ་དང་། བག་ཁུམ་མི་བྱེད་པ་དང་གཡོལ་ཐབས་མི་བྱེད་པ་བཅས་བྱེད་དགོས། ན་གཞོན་ལས་བྱེད་པས་ངེས་པར་དུ་མགོ་བོ་ཡར་བཏེགས་པ་དང་། གདོང་མཆོང་སྔོན་ལ་བྱས་ཏེ། འཐབ་རྩོད་ཁྲོད་དཀའ་སྡུག་མྱོང་བ་དང་མཐོང་རྒྱ་བསྐྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་དགོས་ཤིང་། མང་ཚོགས་ལམ་ཕྱོགས་ནི་ཏང་གི་རྩ་བའི་ལས་དོན་གྱི་ལམ་ཕྱོགས་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པར་ཐོག་མར་མང་ཚོགས་ལ་བརྩེ་སེམས་བཅངས་བ་དང་། རང་ཉིད་མང་ཚོགས་ཀྱི་ཁོངས་མིར་བརྩི་བ། མང་ཚོགས་ཀྱི་ལས་དོན་དེ་དངོས་གནས་རང་ཉིད་ཀྱི་ལས་དོན་ཞིག་ཏུ་བརྩི་དགོས། གནས་བབ་གསར་པའི་འོག མང་ཚོགས་ཀྱི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། མང་ཚོགས་ཀྱི་ལས་དོན་གྱི་བྱེད་ཐབས་ལེགས་བཅོས་དང་མང་ཚོགས་ཀྱི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དྲ་སྦྲེལ་ནི་དུས་རབས་གསར་པའི་མང་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་གཡུལ་ས་གལ་ཆེན་ཞིག་དང་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། འགོ་ཁྲིད་ལས་བྱེད་པས་དྲ་བར་སློབ་པ་དང་། དྲ་བ་རྟོགས་པ། དྲ་བ་སྤྱོད་པ་བཅས་བྱས་ནས། རྒྱུན་དུ་དྲ་ཐོག་ལ་བལྟས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་འདོད་བློ་ཤེས་རྟོགས་བྱེད་པ་དང་བསམ་ཚུལ་དང་གྲོས་གཞི་ཡག་པོ་བསྡུ་ལེན་བྱེད་པ། དྲ་དམངས་ཀྱི་དོ་ཁུར་ལ་ལན་ལེགས་པོ་འདེབས་པ་བཅས་བྱས་ཏེ། དོགས་གནད་སེལ་བའི་ལས་དོན་ཡག་པོར་སྒྲུབ་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།