བརླན་སར་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན།
2023.07.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

ཉེ་ལམ། “བརླན་སར་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ”བརྗོད་བྱ་ཡིན་པའི“2023ལོའི་གཙང་པོའི་མགོ་ཁུངས་ཁོར་སྲུང་གི་དུས་རབས་འགུལ་སྐྱོད”བཅར་འདྲིའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརླན་ས་སྲུང་སྐྱོབ“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་དང་ལྷན་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕྱིན།

རྨ་ལྷོ་ཁུལ་དུ་སྡོད་པའི་རིང་ལ་ཞིབ་བཤེར་ཚོ་ཆུང་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་ཀྱི་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་གཞན་རྩེ་ཁོག་རྫོང་གི་མངའ་ཁོངས་སུ་ཡོད་པའི་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་སོང་སྟེ། ཡུལ་དངོས་ཞིབ་བཤེར་དང་། སྐབས་བསྟུན་འཐེན་བཤེར། བཞུགས་མོལ་སྙན་ཞུ། དཔྱད་ཡིག་ལྟ་ཀློག་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརླན་ས་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཤིང་། དེའི་དམིགས་ཡུལ་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་ཟབ་མོ་བཏང་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རོགས་བྱེད་རྒྱུ་དེ་རེད།

“བརླན་སའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་གྱ་གསུམ་ལྷག་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཉི་ཤུ་ཟིན་པ་དེས་ས་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་དྲུག་བཟུང་བ་དང་། བརླན་སའི་ས་ཁོངས་ཧྲིལ་པོ་ཡུལ་ཚོ་གཉིས་དང་སྡེ་བ་གསུམ་ལ་འབྲེལ་ཡོད། ཐོག་མའི་སྡོད་དམངས་ཁྱིམ་ཚང་ཉིས་བརྒྱ་དང་སོ་བཞི་དང་མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་ཡོད། དེའི་ནང་ཁུ་སིན་སྡེ་བར་ཁྱིམ་ཚང་ང་གསུམ་དང་། གསེར་ལུང་སྡེ་བར་ཁྱིམ་ཚང་དོན་བདུན། སྒ་ཁིས་སྡེ་བར་ཁྱིམ་ཚང་བརྒྱ་དང་བཞི་ཡོད། སྤྱི་གླིང་དེ་ནི་ཁུལ་བཞི་ལ་དབྱེ་ཡོད་པ་དང་། སོ་སོར་གསོ་སྐྱོང་ཁུལ་དང་། དྲིལ་སྒྲོག་སློབ་གསོ་འགྲེམས་སྟོན་ཁུལ། དོ་དམ་ཞབས་ཞུའི་ཁུལ། བེད་སྤྱོད་ལུགས་མཐུན་ཁུལ”སོགས་ཡིན། མཚོ་སྔོན་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་གླིང་དེ་ནི2013ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚོད་ལྟའི་སྡེ་ཁག་ཏུ་ཆོག་མཆན་བཀོད་པ་དང་། བརླན་སའི་སྤྱི་གླིང་གི་རང་ངོས་ལེགས་ཆ་དང་ཁྱད་ཆོས་ལ་རྐང་བཙུགས་ཏེ། རིམ་བཞིན་བརླན་ས་སྲུང་སྐྱོབ་དང་རྒྱུན་མཐུད་ངང་འཕེལ་རྒྱས་དང་བེད་སྤྱོད་བྱེད་པའི་རྣམ་པ་གསར་པ་ཞིག་རིམ་བཞིན་བསྐྲུན་པ་དང་། བརླན་ས་སྲུང་སྐྱོབ་དང་བརླན་སའི་ཚན་རྩལ་ཁྱབ་གདལ་གྱི་དྲིལ་སྒྲོག་དང་སྐྱེ་ལྡན་ཕྱུགས་ལས་གཞི་གཅིག་ཏུ་གྱུར་པའི་བརླན་སའི་སྤྱི་གླིང་ཞིག་ཐོག་མར་བསྐྲུན་ཡོད།

“2018ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། ‘རྒྱལ་ཁབ་བརླན་སའི་སྤྱི་གླིང’ནང་བཅུག་ནས། མཚོ་སྔོན་མཐོ་སྒང་གི་བརླན་སའི་སྤྱི་གླིང་དང་པོར་གྱུར་ཡོད”ཅེས་རྨ་ལྷོ་ཁུལ་དམངས་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་ཞིང་སྡེ་ཁོར་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀུའོ་ཆི་ལུང་གིས་གསར་འགོད་པར་དེ་ལྟར་བཤད།

ཞིབ་བཤེར་ཚན་ཆུང་གིས་བརླན་སའི་སྲུང་སྐྱོབ་ཕན་འབྲས་སྐོར་འདྲི་སྐབས། ཚེ་རིང་རྣམ་རྒྱལ་གྱིས་སྤོབས་པ་ཆེན་པོས་ངང་ལན་འདེབས་རྒྱུར། “སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། བརླན་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་སོང་བ་དང་། རྒྱ་ཁྱོན་སྔར་ཡོད་ཀྱི་བརྒྱ་ཆའི་ཉེར་བརྒྱད་ནས་ད་ལྟའི་བརྒྱ་ཆའི་སོ་དྲུག་ལ་འཕར་བ་དང་། སྲོག་ཆགས་དང་རྩི་ཤིང་གི་སྣ་མང་རང་བཞིན་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བཞིན་ཡོད་དེ། དཔེར་ན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་དང་ཁྲུང་ནག་ལུང་དཀར་སོགས་ཀྱང་མཐོང་བར་མ་ཟད་སྐྱེ་འཕེལ་བྱུང་ཞིང་། གནའ་ཡི་ཁྱུ་ཚོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ཡོད། ད་དུང་ར་རྒྱ་དང་། དྲེད་མོང་སོགས་སྐབས་ཤིག་རིང་མཐོང་ལམ་ནས་ཡལ་བའི་སྲོག་ཆགས་དཀོན་པོ་ཡང་ཐོན་ཡོད”ཅེས་བཤད།

ཞིབ་བཤེར་ཚན་ཆུང་འཁོར་དང་བཅས་པ་མཉམ་གཅིག་ཏུ་རླངས་འཁོར་ལ་བསྡད་དེ་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཕྱིན་པ་ན། མཚོ་ཁྲ་རར་སླེབས་ལ་ཉེ་སྐབས། རྩྭ་ཐང་དུ་གད་སྙིགས་འཐུ་བཞིན་པའི་འབྲོག་པ་ཞིག་ལ་ཚང་མས་དོ་སྣང་བྱས།

“གད་སྙིགས་བཏུས་ཀྱང་ངལ་དུབ་ཀྱི་སྣང་བ་མི་སྐྱེ་ལ། ངས་ད་དུང་བརླན་ས་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་ཕྲན་བུ་འཇོག་ཐུབ་པ་དང་། རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་ཀྱང་སྔར་ལས་ཇེ་བཟང་དུ་ཕྱིན་པར། ཁྱོད་ཚོས་ང་ལ་བསྟོད་བསྔགས་ཆེན་པོ་བྱས་པས་ང་རང་ངོ་གནོང་བ་ཞིག་རེད”མིང་ལ་བསོད་ནམས་སྒྲོལ་མ་རུ་འབོད་པའི་འབྲོག་མོ་དེས་དེ་འདྲ་ཚད་ལྡན་མིན་པའི་སྤྱི་སྐད་ཀྱིས་གསར་འགོད་པར“ང་ཚོར་རྫོང་ནས་བསྐུར་བའི་བོད་སྐད་ཀྱི་དྲིལ་སྒྲོག་དེབ་འབྱོར་བྱུང་། བརླན་ས་འདིར་ང་ཚོས་སྲུང་སྐྱོབ་བྱེད་དགོས་པ་ཤེས་ཡོད་ལ། རང་ལའང་ལས་ཀ་ཕྲན་བུ་ཞིག་སྒྲུབ་པའི་འདུན་པ་འདུག སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་ན། ད་གཟོད་གསེར་རི་དངུལ་རི་ཡོད། ངས་དེ་ལྟར་བཤད་ན་འགྲིག་གམ”ཞེས་བཤད་བྱུང་།

སྐད་ཆ་དེ་ཐོས་རྗེས་རྩེ་ཁོག་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཚེ་བོ་ལ་དགའ་སྤྲོས་ཁེངས་བཞིན་བཤད་རྒྱུར། བལྟས་ཡོང་ན་ང་ཚོས་ལོ་ཙཱ་བྱས་པའི་བོད་སྐད་ཀྱི་དྲིལ་སྒྲོག་དེབ་ཆུང་དེས་ནུས་པ་ཆེན་པོ་ཐོན་འདུག རྗེས་ཕྱོགས་ད་དུང་མུ་མཐུད་དུ་དྲིལ་སྒྲོག་བྱེད་ཤུགས་དང་ཁྱབ་ཁོངས་ཆེ་རུ་བཏང་ནས། མང་ཚོགས་སྔར་ལས་མང་པོ་བརླན་ས་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་ཞུགས་སུ་འཇུག་རྒྱུ་ཡིན་ཟེར།

རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚན་རྩལ་ལས་བྱེད་མི་སྣ་ཚེ་དཔལ་གྱིས་དགོད་ཞོར་དུ་བཤད་རྒྱུར། ད་དུང་བརླན་སའི་ནང་དུ་བསྐྱོད་ཚེ་སྲོག་ཆགས་གང་འདྲ་ཞིག་ལ་ཐུག་སྲིད་པ་མི་ཤེས་ནའང་སྐྲག་དགོས་དོན་མེད། དེ་ནི་བརླན་སའི་སྐྱེ་ཁམས་བཟང་བའི་གསལ་བཤད་ཡག་ཤོས་ཤིག་རེད།

“2015ལོར་བརླན་སའི་སྤྱི་གླིང་རེ་ཞུའི་ཚོད་ལྟ་བྱས་པ་ནས་བཟུང་། རྩེ་ཆུའི་བརླན་སའི་སྤྱི་གླིང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་བརླན་སའི་ནང་སྒྲིག་འགལ་འཛུགས་སྐྲུན་བྱས་པ་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་། གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་སྒྲིག་འགལ་དག་ལ་ཚོད་འཛིན་དང་སྒྲིག་འགལ་ཞིབ་བཤེར་བྱེད་པའི་བྱ་བ་ཡག་པོར་སྒྲུབ་པའི་ཐད་གནད་ལ་འཁེལ་བའི་ཤུགས་རྒྱག་ས་བཙལ་ནས། སྒྲིག་ཁྲིམས་ལས་འགལ་བའི་འཛུགས་སྐྲུན་ལས་གཞི་བདུན་ཞིབ་བཤེར་ཐག་གཅོད་བྱས་ཡོད། ང་རང་ཉིད་ཀྱིས་བལྟས་ན་དེ་ལས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་ང་ཚོས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་རྒྱུར་མཐོང་ཆེན་བྱས་ནས་མང་ཚོགས་ལ་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་འགན་འཁུར་དགོས་པའི་མཇུག་འབྲས་ཤེས་སུ་འཇུག་པ་དང་། རྒྱ་ཆེའི་མང་ཚོགས་ལ་རང་ཉིད་ཀྱང་‘བརླན་ས་སྲུང་སྐྱོབ’བྱེད་མཁན་གལ་ཆེན་ཞིག་ཡིན་པ་ཤེས་སུ་བཅུག་སྟེ། བརླན་སར་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན་པ་ཤེས་སུ་འཇུག་རྒྱུ་དེ་རེད”ཅེས་ཚེ་བོ་ཡིས་ཁ་གསབ་ཀྱི་ཚུལ་དུ་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།