གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།
2023.07.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

--གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དམིགས་བགྲོ་གླེང་འཛིན་གྲྭ་འཚོགས་པའི་སྐབས་ཀྱི་ཟིན་བྲིས་ཕྲན་བུ།

གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མྱུར་མོར་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ཏེ་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གྱི་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ལག་ལེན་གྱི་ནུས་པ་སྔར་ལས་མཐོ་རུ་གཏོང་བ། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་གཏོང་བ་བཅས་ལ་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་བཅས་ཀྱི་ཆེད་དུ། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་འགན་སྒྲུབ་བྱས་ཏེ། “གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དམིགས་བགྲོ་གླེང་འཛིན་གྲྭ”བསྡུས་པ་དང་། ད་ལྟ་བགྲོ་གླེང་འཛིན་གྲྭ་ཡོངས་སུ་མཇུག་བསྒྲིལ། གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་བསྡོམས་པས་མི་བཞི་བཅུ་ཐེངས་འདིའི་གསོ་སྦྱོང་ནང་ཞུགས།

མཚོ་སྔོན་ནས་ཧྲན་ཏུང་བར་དུ་སློབ་སྦྱོང་ལ་ཞུགས་པའི་སློབ་མས་གོ་སྐབས་ལ་གཅེས་སྤྲས་དང་། སློབ་སྦྱོང་ལ་བརྩོན་པ། ཤེས་བྱ་གསར་བསྒྱུར། མཐོང་རྒྱ་བསྐྱེད་པ། ནུས་པ་དང་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་བར་རྨང་གཞི་ལེགས་པོ་བཏིང་ཡོད།

བློ་རྩེ་གཅིག་སྒྲིམ་གྱིས་ཡོན་ཏན་སྦྱོང་བ།

“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་རང་རྒྱལ་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མཛུབ་སྟོན་བྱེད་པར་མེད་དུ་མི་རུང་བའི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་ཆ་ཞིག་ཡིན་པར་སྔར་ལས་མྱོང་ཚོར་ཟབ་མོ་བྱུང་། ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་བསྟུན་མདུན་སྐྱོད་ཀྱིས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཙོ་བོར་བསླབས་ན་ད་གཟོད་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་ཆོད་ཐུབ་ལ། ཏང་གི་རིགས་པའི་གཞུང་ལུགས་ཀྱིས་རང་རེའི་བྱ་བ་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་ཐུབ” ཅེས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲང་ཧུང་ཁྲེང་གིས་ཚོར་སྣང་ཟབ་མོ་ལྷུག་པོར་བརྗོད།

ཐེངས་འདིའི་གསོ་སྦྱོང་གིས་གྲོང་གསེབ་དར་སྤེལ་བྱ་བའི་རིགས་ལམ་དང་མཚོ་སྔོན་ཞིང་ཆེན་གྱི“ལས་བྱེད་པར་གང་ཆད་ན་དེ་ཁ་གསབ་བྱེད་པའི”རྩ་དོན་ལ་དམ་པོར་དམིགས་ནས་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་དང་ཧྲན་ཏུང་ཞིང་ཆེན་གྱི་ཏང་གི་སློབ་གྲྭའི་ཆེད་མཁས་པའི་དགེ་རྒན་ཆེན་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན། 《གྲོང་གསེབ་དར་སྤེལ་གྱི་སྐུལ་འདེད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་ཟབ་མོ་བྱས་ཏེ། སློབ་མ་རྣམས་ཀྱིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ལ་གོ་བ་སྔར་ལས་ཟབ་མོ་ལེན་པར་རོགས་རམ་བྱས་པ་དང་། “རིགས་པའི་གཞུང་ལུགས་འཆད་ཁྲིད་དང་། དཔེ་གཞིར་དབྱེ་ཞིབ་བྱེད་པ། བརྗེ་རེས་བགྲོ་གླེང”གི་སློབ་ཁྲིད་བྱེད་སྟངས་བརྒྱུད་དེ། སློབ་མ་རྣམས་ལ་གཞུང་ལུགས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་དང་ལས་སྒོ་ཡི“སྟོན་མོ་གཟབ་རྒྱས”རེ་རེ་བཞིན་བཤམས།

ཉིན་བཅུའི་རིང་གི་བྲེལ་འཚུབ་ཀྱི་སློབ་སྦྱོང་དང་གསོ་སྦྱོང་གིས་སློབ་མ་རྣམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། དུས་རྒྱུན་དཔེ་ཆའི་སྟེང་དང་ལག་ལེན་ཁྲོད་ནས་ཤེས་ཐབས་བྲལ་བའི་ཤེས་བྱ་གསར་པ་མང་པོ་བསླབས་ཤིང་། དེང་རབས་ཀྱི་བསམ་བློའི་ལྟ་ཚུལ་མང་པོ་སྐྱེས་སུ་བཅུག རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཤེས་བྱའི་གྲུབ་ཚུལ་འཐུས་སྒོ་ཇེ་ཚང་དུ་བཏང་བར་མ་ཟད། ཧེ་བག་དང་མི་འདང་ས་ཡང་རྙེད་ཡོད་པས། མགོ་ཁྲིད་ལས་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱུང་ཞིང་། རྗེས་ཕྱོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

སྡེ་དར་དམངས་ཕྱུག་གི་ལས་འགན་ཕྲག་ཏུ་འཁུར་བ།

སློབ་སྦྱོང་དང་གསོ་སྦྱོང་གི་དམིགས་ས་རང་བཞིན་དང་ཕན་འབྲས་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་ཆེད། ཐེངས་འདིའི་བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་རྨ་ཆུའི་མགོ་ཁུངས་ནས་རྨ་ཆུའི་སྨད་རྒྱུད་དེ་ཧྲན་ཏུང་དུ་སོང་སྟེ་ཡུལ་དངོས་ནས་མན་ངག་བླངས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་པད་མ་དབང་ཆེན་གྱིས་བཤད་རྒྱུར། ཐེངས་འདིར་ཧྲན་ཏུང་དུ་སོང་བ་ན། ས་ཆ་སོ་སོས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་དམིགས་འབེན་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་འདུག སྡེ་བ་རེ་རེ་རི་མོ་ལྟར་མཛེས་ལ་ས་ཆ་ཚང་མ་མཛེས་ལྗོངས་རེད། ཆི་ལུའུ་ས་ཆའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་མཚོན་ཞིང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་འཕེལ་རྒྱས་གང་ལེགས་ཀྱིས་མཚོན། འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་སྟངས་དང་སྐུལ་འདེད་བྱེད་སྟངས་འདིའི་རིགས་ལ་ང་ཚོས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པའི་ཚོར་སྣང་ཟབ་མོ་སྐྱེས་ཟེར།

གྲོང་གསེབ་དར་སྤེལ་ནི་ཉིན་གཅིག་དང་ཞག་མ་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པར། ངེས་པར་དུ་ཡུན་རིང་ལ་འཆར་གཞི་འགོད་པ་དང་། བརྟན་བརླིང་གིས་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན། རྒྱལ་ཁབ་ཀྱི་བླང་བྱ་དང་བསྡུར་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚད་གཞི་མཐོ་བའི་གྲོང་གསེབ་དར་སྤེལ་ལ་བྱེ་བྲག་གི་འགུལ་སྐྱོད་འཆར་གཞི་འགོད་དགོས་པར་མ་ཟད། རྫོང་ཡོངས་དང་ཡུལ་ཚོ་གྲོང་རྡལ་གྱི་བྱེད་ནུས་ཆགས་སྟངས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་གཞི་འགོད་པ་དང་། ཧུའུ་ཀྲུའུ་རྫོང་གི་ཁྱད་ཆོས་མངོན་པར་གསལ་བའི་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པའི་འཕེལ་རྒྱས་ཆགས་སྟངས་ཤིག་ཆགས་སུ་འཇུག་རྒྱུ་ཡིན་ཞེས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚའོ་ལིན་གྱིས་བློ་ཐག་རྦད་ཆོད་ངང་དེ་ལྟར་བཤད།

གླེང་མོལ་ཟབ་མོ་བྱས་ནས་འཕེལ་རྒྱས་འཚོལ་བ།

ལག་ལེན་སློབ་ཁྲིད་ལས་གཞན། གྲོང་གསེབ་ཡུལ་སྐོར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་སོགས་ཀྱི་དཀའ་གནད་གནད་དོན་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱས་ཤིང་། ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་པས། ངས་གཅིག་ནས་གཞི་རིམ་ལས་བྱེད་པ་དེ་དག་ལས་ལས་གཞི་ཇི་ལྟར་འདེམས་པ་དང་མ་དངུལ་ཇི་ལྟར་བཀོལ་བ། འཇོན་མི་ཇི་ལྟར་བསྡུ་བ་དང་འདྲེན་པ་བཅས་བསླབས་ནས་ཤེས་ལ། གཉིས་ནས་བློ་གྲོས་འདོན་པ་དང་གྲུབ་ཚུལ་དབྱེ་ཞིབ། རྟོག་ཞིབ་མང་པོ་བྱེད་པ་དང་། དཀའ་གནད་སེལ་གང་ཐུབ་བྱེད་པའི་བྱེད་ཐབས་ཀྱིས་བསླབ་པ་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་། བསླབ་པ་བཀོལ་ཐུབ་པའི་དམིགས་འབེན་དུ་ཐོན་པའི་བློ་སྒོའང་བསྐྱེད་ཅེས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧན་ཧྥེང་གིས་དེ་ལྟར་བཤད།

སློབ་མ་རྣམས་ཀྱིས་བསླབ་པ་ལག་ལེན་དུ་བསྟར་བ་དང་ཤེས་པ་བྱ་སྤྱོད་དུ་བསྒྱུར་བར་རོགས་རམ་བྱེད་ཆེད། སློབ་མ་རྣམས་རྩ་འཛུགས་བྱས་ཏེ་བཞུགས་མོལ་སྤེལ་རེས་བྱས་ཤིང་སློབ་སྦྱོང་གི་ནང་དོན་ཁོང་དུ་ཆུད་པར་ཡར་སྐུལ་བྱས་པ་དང་། རིགས་པའི་གཞུང་ལུགས་དེ་ལག་ལེན་དང་ཕན་འབྲས་ལྡན་པའི་སྒོ་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་། བགྲོ་གླེང་འཛིན་གྲྭར་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་རྒྱབ་ལྗོངས་འོག་གི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་དར་སྤེལ་འཐབ་ཇུས་ཇི་ལྟར་ལག་བསྟར་བྱེད་པ་སོགས་ཀྱི་ཆེད་དམིགས་བགྲོ་གླེང་ཆེད་དུ་བཀོད་སྒྲིག་བྱས་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་འགན་ཁུར་བ་ཧ་ཞའོ་མིན་གྱིས་བཤད་རྒྱུར། ཞིང་ཕྱུགས་སྡེ་ཁག་གི་འགན་ཁུར་པ་ཞིག་ཡིན་པའི་ཆ་ནས་འགན་འཁྲི་ལྕི་བའི་ཚོར་བ་བྱུང་། རྗེས་མར་སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས་རྒྱ་ཆེར་གཏོང་བ། རོང་འབྲོག་མང་ཚོགས་ལ་བསམ་བློ་དང་བྱ་སྤྱོད་ཐོག་ནས་ལྗང་མདོག་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆགས་སྟངས་ཁྲོད་འདྲེས་པར་བྱས་ནས་ཞིང་ཕྱུགས་ལས་དེ་དེང་རབས་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། གཞི་ཁྱོན་ཅན། སྐྱེ་ཁམས་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྐང་ཚ་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

“ཧ་ལས་པ”དང“ཕན་ཆེན་པོ་ཐོགས་སོང་”ཞེས་པའི་སྐད་ཆ་སོགས་ནི་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་ཁྲོད་བཤད་པ་ཆེས་མང་པོའི་ཐ་སྙད་ཅིག་རེད། ཚང་མས་སློབ་སྦྱོང་གི་ཐོབ་བྱ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ངོས་འཛིན་དང་མྱོང་ཚོར། བསམ་གཞིག་བཅས་གླེང་བ་དང་། ཕན་ཚུན་བར་རང་རང་གི་ལྟ་ཚུལ་བརྗོད་ཅིང་ཉམས་མྱོང་བརྗེ་རེས་བྱས་ནས་མཉམ་དུ་གྲོང་གསེབ་དར་སྤེལ་གླེང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།