ཉ་གཤོང་སྡེ་བས་གྲོང་གསེབ་དར་སྤེལ“བཀྲ་ཤིས”གླུ་རུ་བཀུག
2023.07.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

སྔོ་ཞིང་དྭངས་པའི་དཀྱིལ་འཁོར་ཆུ་བོའི་འགྲམ་ངོགས་གཉིས་སུ་གནམ་ལ་ཟུག་པའི་སྡོང་ཆེན་མང་པོ་ཡོད་པ་དང་སྤང་ཤུན་གྱི་རྫོང་མཐུག་པར་བལྟས་ན། ཡུལ་འདིའི་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་ཤེས་ཐུབ།

ཟམ་ཆུང་ཞིག་བརྒལ་རྗེས་རི་བོར་སྔས་ནས་ཆགས་ཡོད་པའི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་ཉ་གཤོང་སྡེ་བར་ཐོན། སྡེ་བའི་ནང་གི་གནའ་བོའི་འཛུགས་སྐྲུན་དང་དེང་རབས་འཛུགས་སྐྲུན་གཉིས་ཕན་ཚུན་བསྣོལ་ཡོད་པ་དང་། ལོ་ངོ་བརྒྱ་ཕྲག་འགོར་བའི་གནའ་སྡོང་གང་སར་ཁྱབ་འདུག

“ཨར་འདམ་གྱི་ལམ་ཁྱིམ་ཚང་གི་སྒོ་ཁར་ལས་ཡོད་པ་དང་། གློག་སྒྲོན་གྱིས་གྲོང་གསེབ་དར་སྤེལ་གྱི་ལམ་གསལ་ལྷང་ངེར་བཏང་ཡོད་ལ། ད་རུང་སྒྲིག་ཆས་ཆ་ཚང་ཡོད་པའི་རིག་གནས་ཐང་ཆེན་ལས་ཏེ་གནའ་བོའི་སྡེ་གྲོང་ལ་སྲུང་སྐྱོབ་བྱས་ཡོད་པས། སྡེ་བའི་ཐུན་མོང་དཔལ་འབྱོར་མང་པོ་དང་། བྱིས་པའི་སློབ་གསོ་དང་མང་ཚོགས་ལས་ཀར་ཞུགས་པ་སོགས་ཡོད་ཚད་ཀྱི་ཡོད་ཚད་ཏང་གི་སྲིད་ཇུས་བཟང་པོ་དང་འབྲལ་ཐབས་མེད”ཅེས་ཏང་ཡོན་རྒན་པ་རྡོ་རྗེ་ལྷུན་འགྲུབ་ཀྱིས་རང་ཉིད་ཀྱི་ཚོར་སྣང་ལྷུག་པོར་བརྗོད།

རི་ལ་སྔས་ཤིང་ཆུ་བོའི་འགྲམ་དུ་ཆགས་པའི་ཉ་གཤོང་སྡེ་བ་ནི་ཞིང་ལས་གཙོ་བོ་དང་ཕྱུགས་ལས་ཞོར་དུ་གཉེར་བཞིན་པའི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེ་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་ཞིག་རེད། སྡེ་བའི་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་འཛུགས་སྐྲུན་གྱི་རྣམ་པ་ཆ་ཚང་བ། དམངས་སྲོལ་སྡེ་སྲོལ་ལེགས་པའི་རྐྱེན་གྱིས། 2016ལོར་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་གྲས་སུ་ཚུད།

2021ལོར། སྡེ་བ་རིམ་པའི་སྐབས་བརྗེ་འདེམ་བསྐོའི་ཁྲོད་དུ་ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཡི་འགན་ཡང་བསྐྱར་པདྨ་རྒྱལ་གྱི་ཕྲག་སྟེང་དུ་བབས། སྡེ་བ་ཐུན་མོང་གི་བེད་མེད་དུ་བསྐྱུར་ཡོད་པའི་ས་ཞིང་སྤྱི་ཆིང་ཉི་ཤུ་བེད་སྤྱོད་གང་ལེགས་བྱས་ཏེ། གྲོང་གསེབ་ཡུལ་སྐོར་གྱི་ལས་གཞི་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་བར་ཐུན་མོང་གི་བརྟན་བརླིང་ཡོང་སྒོ་ཞིག་འཚོལ་རྒྱུ་ནི་པདྨ་རྒྱལ་གྱིས་ཏང་ཡོན་དང་མང་ཚོགས་རྣམས་ལ་ཁས་བླངས་པའི་དོན་ཆེན་ཨང་དང་པོ་ཡིན།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དུ་གཏོང་བའི་རྨང་གཞི་དང་གནད་འགག་རེད། “ང་ཚོའི་སྡེ་བས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་རྒྱུ་སྤུས་ལ་བརྟེན་པ་དང་། ཏང་འཛུགས་དང་ལྗང་མདོག་སྣེ་འདྲེན་དུ་བརྩིས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་དང་སྤྲོ་གསེང་ཇ་ཁང་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཧུར་བརྩོན་གྱིས་སྐྱེད་སྲིང་དང་འཕེལ་རྒྱས། རྒྱ་ཆེ་རུ་བཏང་ནས། ས་གཤིས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་རྒྱུ་སྤུས་དེ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་གང་ཐུབ་བྱས་པ་ཡིན”ཞེས་པདྨ་རྒྱལ་གྱིས་སྡེ་བའི་ཐོན་ལས་ལ་བརྟེན་ནས་ཕྱུག་བསྒྱུར་བྱས་པའི་མན་ངག་བཤད།

ཁྱིམ་ཚང་དུ་འཚམས་འདྲི་བྱས་ནས་བསམ་འཆར་ལ་ཉན་པ་དང་ཆེད་མཁས་པ་བཙལ་ནས་ལས་གཞི་ལག་བསྟར་གྱི་ཇུས་གཞི་གཏན་འབེབས་བྱེད་པ། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་ཚོགས་ཆེན་བསྡུས་པ། འགན་གཙང་ལེན་བྱེད་མཁན་བཙལ་ནས་གན་རྒྱ་བཞག་པ། སྒྲིག་ཆས་ཉོས་ནས་ཚོང་གཉེར་གྱི་སྟ་གོན་བྱས་པ་སོགས་པདྨ་རྒྱལ་གྱིས་ཡུལ་མི་ཚོར་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད་ཡར་རྒྱུག་མར་རྒྱུག་བྱས་པའི་རྐང་རྗེས་རེ་རེ་བསུབ་ཏུ་མེད་པ་ཞིག་ཡིན།

ན་ནིང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་སྡེབ་སྒྲིག་བྱས་ཏེ། བོད་ལུགས་སྦྲ་གུར་ཕུབ་པ་དང་བོད་ལུགས་ཤིང་ལམ་ལས་པ། སྤྲོ་གསེང་དང་། ལྟད་མོ། རྩེད་འཇོ་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་བྱེད་ས་སྟེ་ཚ་བོ་ཆེ་ཞིང་ལས་སྤྲོ་གསེང་ལྟད་མོ་ར་བ་ལས་ནས་བཀོལ་སྤྱོད་བྱས།

བོད་ཀྱི་ཡུལ་སྲོལ་མངོན་པར་གསལ་ཞིང་ནགས་འདབས་སུ་ལས་ཡོད་པའི་ལྟད་མོ་ར་བ་དེ་ཡིས་དཀྱིལ་འཁོར་ལུང་པའི་ཡུལ་ལྗོངས་ཀྱི་འགྱེད་འཕྲོ་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཤིང་། ས་གཤིས་ཀྱི་གནས་ཡུལ་ལེགས་པོ་དང་དྲོད་འཇམ་གྱི་ནམ་ཟླའི་ཆ་རྐྱེན་ལ་བརྟེན་ནས། བཟའ་བཏུང་དང་སྦྲ་གུར་གླ་བ་སོགས་ཀྱིས་ཡུལ་སྐོར་པའི་སྤྲོ་གསེང་དགོས་མཁོ་སྐོང་བཞིན་ཡོད། ར་བའི་ནང་གི་ཤིང་ལམ་གང་སར་འཐེན་ཡོད་ལ། ཡུལ་སྐོར་པ་རྣམས་ལ་གནས་འདི་རུ་རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་ལུས་སེམས་བདེ་ལ་འབབ་ཐུབ་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད་ཅིང་། སྡེ་བར་ལོ་རེར་ཐུན་མོང་གི་བརྟན་བརླིང་ཡོང་སྒོ་སྒོར་ཁྲི་ལྔ་རེ་སྐྲུན་བཞིན་ཡོད་པ་དང་། འདིའི་མཐའ་འཁོར་གྱི་མང་ཚོགས་བཅུ་གཉིས་ཀྱི་ལས་ཞུགས་ཐག་གིས་བཅད་དེ་ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གསུམ་ལ་སླེབས་པས། འཕེལ་རྒྱས་དང་དམངས་ཕན་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱས།

“ལོ་ངོ་བཅུ་ལྷག་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུའི་འགན་འཁུར་བའི་རིང་། སྡེ་བའི་ཕྱིའི་བཀོད་པ་དང་བགྲོད་ལམ་སྲ་བསྒྱུར། འཐུང་ཆུ་བཟོ་འགོད། དྲ་བ་ཁྱིམ་ཚང་དུ་འཐེན་པ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ཡོད་པའི་ཁར་ཏང་ཡོན་དང་མང་ཚོགས་ཀྱིས་མཉམ་དུ་ཧུར་བརྩོན་བྱས་པ་ལས་ཐོབ་པ་ཡིན། གོམ་པ་རེ་ལ་རྐང་རྗེས་རེ་འཇོག་པ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ན་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བར་ཡིད་ཆེས་ཡོད”ཅེས་པདྨ་རྒྱལ་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད། ན་ནིང་སྡེ་བའི་ཏང་ཀྲི་པུའུ་ཡིས་སྔ་གཞུག་ཏུ་བསྡོམས་པས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་བའི་ལོག་དཀར་ལས་སྣོན་དང་ནོར་ལུག་འཚོ་བའི་ལས་གཞི་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་བཏང་བའི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་ལས་གཞི་དང་མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་བའི་སྲོལ་རྒྱུན་སྡེ་བའི་ལས་གཞི་འགྲུབ་ཏུ་བཅུག་པ་དང་། དེར་མཐུད་ནས་གཙོ་བོ་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་ཆེར་གཏོང་རྒྱུ་རེད།

དྲོས་ཇའི་རྗེས་སུ། གསར་འགོད་པ་བོད་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་སྡེ་བའི་ནང་དུ་རྐང་ཐང་དུ་སོང་། ཉི་འོད་རབ་ཏུ་འཚེར་ལ་བསིལ་རླུང་འཇམ་པོར་ལྡང་ཞིང་། མཁའ་དབུགས་གཙང་ལ་འཇམ་ཐང་ངེར་གནས་ཡོད་པས། དེང་རབས་ཞིང་སྡེའི་མཛེས་པ་མ་ལུས་པ་མངོན་ཡོད།

མིག་མངས་རྩེ་བཞིན་པའི་ཞིང་ཆེན་རིམ་པའི་གཞས་མ་གཏམ་སྒྱུ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་དོན་འགྲུབ་ཀྱིས་ང་ཚོ་གསར་འགོད་པ་མཐོང་བ་ན། ལག་གི་མིག་རྡེའུ་ཐང་ལ་བཞག་སྟེ། “བདེ་མོ། བདེ་མོ།”ཞེས་ལག་པ་གཉིས་བསྲིངས་ནས་འཚམས་འདྲི་བྱས། ཞོར་དུ་ཁ་བཏགས་ཕུལ་ཞིང་ཁོ་ཚང་གིས་བསྙལ་བའི་ནས་ཆང་དྲངས་ནས་མགྲོན་བསུ་བྱས་པར་མ་ཟད། དགའ་སྤྲོའི་ངང“བཀྲ་ཤིས” པའི་གླུ་ཞིག་བླངས་སོང་།

ཚེ་རིང་དོན་འགྲུབ་ཀྱིས་གསར་འགོད་པ་ཁྲིད་དེ་ཁོ་ཚང་གི་ཁང་པ་གསར་པའི་ནང་དུ་སོང་བ་དང་འབྲུ་ཡིས་བཀང་བའི་འབྲུ་མཛོད་ལ་བལྟ་རུ་བཅུག ཤེལ་གྱི་སྒེའུ་ཁུང་ཕྱེས་ནས་ལ་འོག་ཏུ་ཡོད་པའི་ཁང་རྙིང་བསྟན་ནས་བཤད་རྒྱུར། “ཕ་རོལ་གྱི་ཁང་པ་གན་གྱི་ནང་དུའང་འབྲུ་རིགས་གསོག་ཡོད། འདི་དང་གན་གཉིས་ཀྱི་འབྲུ་རིགས་བསྣན་ན་རྒྱ་མ་ཁྲི་གཉིས་ལྷག་ཡོད། ཞིང་བཏབ་ནས་བླངས་པའི་ཡོང་སྒོ་དང་བུ་དང་མནའ་མས་གླ་བརྒྱབ་པའི་གླ་ཆ། དེའི་ཁར“བཀྲ་ཤིས”བླངས་པའི་ཡོང་སྒོ་བསྣན་ན། ལོ་གཅིག་ལ་སྒོར་ཁྲི་བཅུ་ལྷག་ལེན་ཐུབ”ཅེས་བཤད་པ་དང་། “ཏང་གི་མགོ་ཁྲིད་འོག་ཏུ། ང་ཚོའི་སྡེ་བའི་ཁྱིམ་ཚང་ཚང་མས་འབྲུ་རིགས་མང་པོ་གསོག་ཡོད་པས། ད་ལྟ་ཞིང་སྡེ་དང་གྲོང་ཁྱེར་ལ་བར་ཁྱད་མེད། ང་ཚོས་ནམ་ཡང་ཏང་གི་བཀའ་དྲིན་སེམས་ལ་བཟུང་ཡོད”ཅེས་ཚེ་རིང་དོན་འགྲུབ་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། བིས་མདོ་ཡུལ་ཚོ་ཏང་ཨུས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཐོན་ལས་གང་དུ་བསྲིངས་ཡོད་ན་མི་རྣམས་དེར་འདུས་ཤིང་ཏང་རྩ་འཛུགས་ཀྱང་དེ་རུ་ཁེབས་པ”རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་པ་དང་ས་ཞིང་འཁོར་རྒྱུག་ལག་བསྟར་བྱེད་པ། བེད་མེད་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བསྒྲུབས་པ་དང་། ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་དར་བར་ཡར་སྐུལ་བྱས་ལ། སྡེ་བ་ཐུན་མོང་གི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་བར་སྐུལ་འདེད་བཏང་བས། རང་རང་གི་ཁྱད་ཆོས་ལྡན་པའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ཐབས་ལམ་ཞིག་ཆགས་ནས་གཞིས་ཆགས་ལས་བརྩོན་ཡུལ་སྐོར་གསུམ་ལ་འཚམ་པའི“མཛེས་པའི་བོད་ཡུལ”སྐྲུན་བཞིན་ཡོད། མིག་སྔའི་བར་དུ་ཡུལ་ཚོ་ཡོངས་ཀྱི་ཐུན་མོང་རྒྱུ་ནོར་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དགུ་ལ་སླེབས་པ་དང་། ན་ནིང་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གསུམ་སྟོང་བརྒྱད་ལྷག་སྐྲུན་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།