—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གི་རྩ་བའི་འགན་ལེན་ཡིན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ལས་དོན་ཡོངས་ཀྱི་མངོན་གསལ་དོད་པའི་གོ་གནས་ཐོག་བཞག་ནས་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཐབས་ཇུས་ཁྲོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དེའི་ཁྲོད་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་ནི་དེའི་ཁྲོད་ཀྱི་དོན་ཚན་ཞིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་ལྗང་མདོག་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་གྱི་ཁྲོད་སྦགས་བཙོག་འགོག་བཅོས་ནི་དེའི་ཁྲོད་ཀྱི་དམག་འཐབ་ཅིག་ཡིན་པ། དུས་རབས་འདིའི་དུས་དཀྱིལ་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་ཁྲོད་མཛེས་སྡུག་གི་ཀྲུང་གོ་ནི་དེའི་ནང་གི་ཆ་ཤས་ཤིག་ཡིན་པ་བཅས་རེད། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་གོ་གནས་གལ་ཆེན་བཟུང་བ་གསལ་སྟོན་བྱས་ཡོད། དུས་རབས་གསར་པའི་ཚུན་ལ་ང་ཚོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་པ། “འགྱུར་ལྡོག་ཆེན་པོ་བཞི”མངོན་འགྱུར་བྱུང་བ་བཅས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་བརྟེན་པས་ཡིན།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བཀོད་སྒྲིག་གལ་ཆེན་གནང་བ་དེས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ནི། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དང་དམིགས་འབེན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཆའི་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་གཏོང་ཐུབ་མེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་བཞིན་གནོན་ཤུགས་ཉིས་བརྩེགས་དང་ཁུར་ལེན་མདུན་སྐྱོད་ཀྱི་འགག་རྩའི་དུས་སུ་གནས་ཡོད། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། མ་འོངས་པའི་ལོ5ཡི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དོན་ཐོག་ཏུ་འཁྱོལ་ཐུབ་མིན་གྱི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པར་ཐུག་ཡོད། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་གྱུར། བྱ་དགའ་ཆད་གཅོད་གསལ་འབྱེད། གཅིག་ལ་གཅིག་བརྟེན་བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་དགོས”ཞེས་གསུངས་ཡོད། ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ལས་དོན་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བྱེད་པའི་ཐད་སྤྱད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་གནད་དོན་ཐག་གཅོད་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཡིན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡར་བརྩོན་གྱི་སྐྱོད་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་པ། ངར་སེམས་ཆེར་སྐྱེད་དང་འབད་བརྩོན་ལྷོད་མེད་བཅས་བྱས་ཚེ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་ཆད་པར་སྐུལ་འདེད་གཏོང་ཐུབ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཐུབ་ངེས་ཡིན།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།