རྒྱུགས་སྤྲོད་ལམ་བུ་གསར་པའི་སྟེང་སྔར་ལས་མཛེས་པའི་མ་འོངས་པ་གསར་གཏོད་བྱེད་དགོས།
2023.08.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཚ་ཚ་འུར་འུར་གྱིས་གླེང་བ།

ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་བ་དང་དྲིན་གཟོ་ཡར་བརྩོན་བྱེད་པ། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གཙིགས་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཆར་འགོད་རི་མོ་བརྗིད་ཉམས་ལྡན་པ་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པར་སྐུལ་སློང་བྱས། མཐོ་སྒང་གི་ཡུལ་གྲུ་ཆེན་མོ་འདིར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་མུ་མེད་བྱེ་ཐང་དང་། མཚོ་སྐོར་འབབ་རྒྱུད་ནས་རྨ་ཙོང་གཞོང་ས་གང་ལ་བལྟས་ཀྱང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཤིང་ཚུར་སྣང་ཆེན་པོ་བསླངས་ཡོད། ཚང་མས་གཅིག་མཐུན་དུ་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལྷོད་པ་མེད་པའི་བསམ་པའི་རྣམ་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱས་ནས། རྒྱུགས་སྤྲོད་ལམ་བུ་གསར་པའི་སྟེང་སྔར་ལས་མཛེས་པའི་མ་འོངས་པ་གསར་གཏོད་བྱེད་དགོས།

དངོས་སྒྲུབ་ནི་མཚོ་སྔོན་པ་གསར་པའི་ཆེས་མངོན་གསལ་དོད་པའི་མཚོན་རྟགས་སུ་འགྱུར་བར་བྱེད་པ་དང་། དངོས་སྒྲུབ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེས་སྐད་གསང་མཐོ་བའི་དུང་བརྡ་རུ་འགྱུར་བར་བྱེད་དགོས།  ཚང་འཛོམས་གྲོས་ཚོགས་སྟེང་། མི་སེམས་སྒུལ་བའི་སྐད་ཆ་ཡིས་བསྒྲུབ་འདོད་ཅིང་བསྒྲུབ་ཕོད་པ། བསྒྲུབ་ཤེས་པའི་མཚོ་སྔོན་གྱི་ལས་བྱེད་པ་རེ་རེར་སྐུལ་ལྕག་བཏང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཅང་ཏུང་མའེ་ཡིས་བཤད་རྒྱུར། “སྟོང་བཤད་རྒྱལ་ཕུང་དང་། དངོས་སྒྲུབ་རྒྱལ་དར་ཡིན་པས། བུའུ་ལན་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི‘གནས་བཞི’དེ་འཛུགས་སྐྲུན་གྱི་སྣེ་ཁྲིད་དུ་འཛིན་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་བར་བྱེད་པ་བཅས་ཀྱིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བུའུ་ལན་དུ་རྩ་བ་ཚུགས་ཤིང་འབྲས་བུ་ངོ་མ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

“ཚང་འཛོམས་གྲོས་ཚོགས་ཀྱིས་དངོས་འཛིན་ནན་སྒྲུབ་ཀྱི་ཁྲིད་ཕྱོགས་གསལ་པོར་བརྟེན་ནས། དངོས་སྒྲུབ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེས་སྐད་གསང་མཐོ་བའི་དུང་བརྡ་རུ་འགྱུར་བར་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་།  ‘དངོས་མ’གཙོར་འཛིན་པ་དང‘སྒྲུབ་པ’གནད་དུ་བཟུང་སྟེ། སྔོན་གྲལ་བརྩོན་པའི་ཉམས་འགྱུར་གྱིས། རང་ཉིད་ལ་གནོན་ཤུགས་སྟེར་བའི་གོ་རིམ་ཁྲོད་སྔོན་ཐོན་གྱི་གོ་གནས་བརྩོན་དགོས། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ཁག་བསལ་ནས་ལས་རྐང་བརྟན་པོར་གཏོང་བར་རོགས་ཤུགས་འདོན་པ། གཙོ་གནད་མི་ཚོགས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ། རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་བ། ལས་ཞུགས་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱེད་པ། རིགས་སོ་སོའི་མི་ཚོགས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས”ཞེས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ལས་ཞུགས་ཡར་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧོང་ཝེ་ཏུང་གིས་དེ་ལྟར་བཤད།

དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་ང་ཚོ་ནི་རྒྱུགས་ལན་སྤྲོད་མཁན་ཡིན་ལ། མི་དམངས་ནི་རྒྱུགས་ཤོག་ལ་ལྟ་མཁན་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུར་བུ་དགྲ་འདུལ་གྱིས་བཤད་རྒྱུར། “ལོ་ངོ་གསུམ་རིང་གི་དམིགས་བསལ་དབུལ་ཕོངས་རྫོང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དེ་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་བར། ཐུན་ཏེ་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེན་དུ་གཏོང་བར་ཤུགས་འདོན་པ་དེ་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ཡོང་བར་སྐུལ་སྤེལ་བྱེད་པ་དང་ཞིང་སྡེའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བཟུང་སྟེ། དངོས་ཡོད་ལ་རྐང་འཛུགས་པ་དང་ཡུལ་བབ་དང་བསྟུན་པ། གནས་མཚམས་འཚོལ་ཞིབ་ལེགས་པོ་བྱེད་པ་བཅས་ཀྱིས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་ཀྱི་འཕེལ་རྒྱས་གསོ་སྐྱོང་དང་སྟོབས་ལྡན་དུ་བཏང་ཞིང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད”ཟེར།

མཚོ་སྔོན་དུ། སྐྱེ་ཁམས་བདེ་འཇགས་ལ་ལྟ་སྐྱོང་བྱེད་པའི་ཐད་ནོར་འཁྲུལ་མ་བྱུང་ན་བྱས་རྗེས་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐད་བྱས་རྗེས་མ་བཞག་ན་ནོར་འཁྲུལ་ཡིན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་བསྩོལ་བའི“དཔྱིད་རླུང་འགུལ་སྐྱོད”སྤེལ་བ་བརྒྱུད་དེ། སེམས་ཤུགས་གཅིག་སྒྲིལ་སྒོས་འཕེལ་རྒྱས་དམ་འཛིན་དང་ཐོན་སྐྱེད་དམ་འཛིན། ཚོང་འགུག་དམ་འཛིན་བྱས་ཤིང་། “ལས་གཞིའི་འགག་སྒྲོལ་ལོ”ཡི་འགུལ་སྐྱོད་ཕྱོགས་ཡོངས་ནས་མགོ་བརྩམས་ལ། ལས་གཞིའི་འཆར་འགོད་ལྟར་འཐབ་འཛིང་བྱེད་པ་སོགས་ཀྱི་རྐྱེན་ སྲོལ་དོན་འཁྱོལ་ནན་མོ་བྱས་པས། མདོ་ལ་རྫོང་གི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང། བརྟན་ཐོག་ཡར་འཕེལ་དང་མགྱོགས་མྱུར་ངང་སླར་གསོ་འབྱུང་བཞིན་པའི་གནས་བབ་ལེགས་པོ་མངོན་ཡོད་ཟེར།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཀུན་བཟང་སྒྲོལ་མས་བཤད་རྒྱུར། ན་གཞོན་ཏང་ཡོན་གྱི་རིག་ལམ་གསལ་ཞིང་བསམ་ཚུལ་མང་བ་དང་། ན་གཞོན་ལས་བྱེད་པའི་འབད་བརྩོན་བྱེད་ཕོད་པའི་ཁྱད་ཆོས་འདོན་སྤེལ་བྱེད་དགོས་ལ། རང་ཉིད་ཀྱི་ལས་རྐང་དུ་རྐང་བཙུགས་ཏེ་བྱ་བ་དངོས་སྒྲུབ་དང་བྱ་གཞག་ལེགས་སྒྲུབ་བྱས་ཏེ། ལག་ལེན་གྱི་ཁྲོད་ནས་འཇོན་ཐང་དང་རྩལ་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། བྱ་བ་སྒྲུབ་ཕོད་ཅིང་སྒྲུབ་ཀྱང་ཐུབ་པ། བསྒྲུབས་ན་འགྲུབ་པའི་དུས་རབས་གསར་པའི་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་བྱེད་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཤུག་ཁྲ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་རྡོ་རྗེའི་སེམས་སུ། རྩྭ་ཐང་ནི་རང་གི་གཞིས་ཁྱིམ་ཡིན་པས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རང་གི་ལྡོག་མེད་ཀྱི་འགན་འཁྲི་ཡིན། “རྗེས་ཕྱོགས་ངས་སེམས་ཤུགས་གང་ཡོད་བཏོན་ནས་བརླན་ས་འདིར་ལྟ་སྐྱོང་བྱེད་རྒྱུ་ཡིན་ལ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་སྔར་ལས་མང་པོ་འདིའི་ཁྲོད་དུ་ཞུགས་པར་སྐུལ་ཁྲིད་བྱས་ནས། བུ་རབས་ཚ་རྒྱུད་ལ་མཛེས་སྡུག་གི་གཞིས་ཁྱིམ་ཞིག་མཐོང་དུ་འཇུག་པར་འབད་རྒྱུ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བསྒྱུར་བྱུང་བ་ལས་ཐོན་པའི་ཁེ་བཟང་ལོངས་སྤྱོད་བྱེད་དུ་འཇུག་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན”ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཆི་ཝན་ཉན་གྱིས་བཤད་རྒྱུར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་བ། རྨ་ཆེན་རྫོང་གི་གནམ་སྔོ་ཞིང་ཆུ་དྭངས་ལ། ས་གཙང་མའི་འགོག་སྲུང་དམག་འཐབ་ཆེན་མོ་གསུམ་སྐུལ་སྤེལ་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ནས་ལེགས་བཅོས་བྱེད་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་མགྱོགས་མྱུར་ངང་ཆགས་སུ་འཇུག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རང་མདངས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། ཆུ་དམར་ཧོ་ཡུལ་ཚོ་ནི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཆགས་ཡོད་ལ། དེ་ནི་འབྲོང་དང་གཙོད་ཀྱི་གཞིས་ཁྱིམ་ཡིན། ལོ་འདི་འགར། ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་གྱུར་ཡོད་པས། “ཏང་ཀྲི་པུའུ་དང་སྐྱེ་ཁམས་ཁོར་སྲུང་། མཉམ་ལས་ཁང་དང་འབྲོག་པ”ཡི་དཔེ་དབྱིབས་སྟེང་ནས་རྙིང་འབུད་གསར་འདོན་བྱེད་པར་ཤུགས་འདོན་བཞིན་པའི་སྒང་ཡིན་པ་དང་། ཡུལ་བབ་དང་བསྟུན་ནས་རང་སྡེ་བར་མཐུན་པའི་འཕེལ་རྒྱས་ཀྱི་ཐབས་ཇུས་གཏན་འབེབས་བྱས་ཏེ།  “གསེར་རི་དངུལ་རི”ཡི་འདུ་ཤེས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་འདྲེས་སུ་འཇུག་པ་དང་། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་བྱས་རྗེས་བསྐལ་བར་གནས་ཤིང་གནམ་འོག་ཀུན་ལ་ཕན་པའི་དོན་ཆེན་དུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།