ས་ནག་ཐང་གིས་གོས་ལྗང་གོན།
2023.08.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

--མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་པུ་དོན་སྡེ་བས་ས་ནག་ཐང་བཅོས་སྐྱོང་བྱས་པའི་གནས་ཚུལ་བཀོད་པ།

བ་ཡན་ཧ་རིའི་འདབས་རོལ་དུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཡུལ་ཚོ་ཞིག་ཡིན་ལ། ཆ་སྙོམས་ཀྱི་མཚོ་འཕང་རྨིད4200ཡན་ཡིན། ཡུལ་དེའི་ས་རྒྱུ་གཙོ་བོ་བྱེ་མ་དང་རྡོ་ཟེགས་ཡིན་ཞིང་། ས་ཤུན་སྲབ་པས་རང་བྱུང་རྩྭ་སའི་སྐྱེ་སྟོབས་ཧ་ཅང་ཞན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་གཞན་དག་དང་བསྡུར་ན། ཡུལ་དེར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་ཡིན་ལ། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དེ་རེད། དུས་རབས20པའི་ལོ་རབས70པ་ནས་བཟུང་སྨར་འབྲིང་ཡུལ་ཚོའི་རྩྭ་ས་རྒྱུན་ཆད་མེད་པར་ཞན་འགྱུར་བྱུང་སྟེ། གཞི་ཁྱོན་ཆེ་བའི་རྩྭ་ས་ས་ནག་ཐང་དུ་གྱུར།

པུ་དོན་སྡེ་བ་ནི་སྨར་འབྲིང་ཡུལ་ཚོའི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་ཅིང་། དེ་ནི་སྨར་འབྲིང་ཡུལ་ཚོའི་ས་ནག་ཐང་གི་གཞི་ཁྱོན་ཅུང་ཆེ་བའི་སྡེ་བ་ཞིག་རེད། རྒྱུས་ལོན་པ་ལྟར་ན། སྡེ་བ་དེར་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་དང་བཞི་བཅུ་ལྷག་ཡོད་ལ། རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་གསུམ་དང་སྟོང་བརྒྱད་ཡོད་པ་དང་། དེའི་ཁྲོད་ཀྱི40%ས་ནག་ཐང་རེད། སྤྱིར་ན་གནས་དེའི་གནམ་གཤིས་འཁྱགས་ཤིང་ས་རྒྱུའང་མི་བཟང་བའི་དབང་གིས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱང་མེད་ལ། མང་ཚོགས་ཀྱི་ཡོང་སྒོ་ཕྱུགས་ལས་ཁོ་ནར་བརྟེན་ཡོད་པས། རྩྭ་ས་ནི་ཡུལ་དེའི་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ཡིན་ཞེས་བཤད་ཆོག

དེ་སྔོན་རྩྭ་ས་ས་ནག་ཐང་དུ་གྱུར་བའི་དཀའ་སྡུག་གི་ལོ་ཟླ་གླེང་སྐབས། པུ་དོན་སྡེ་བའི་ཧྲུའུ་ཅི་ཚེ་རིང་རྒྱལ་གྱི་གདོང་ལ་སྐྱོ་བའི་ཉམས་ཤིག་ཤར་བཞིན“འབྲོག་པ་ཡོད་ཚད་ཕྱུགས་ལ་མ་བརྟེན་པ་ཞིག་མེད་ལ། ཕྱུགས་ལ་བརྟེན་དགོས་ན་རྩྭ་སར་བདག་སྐྱོང་ལེགས་པོ་ཞིག་བྱེད་དགོས་པ་གཞིར་བཞག་ཡིན། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བཟུང་སྟེ། གནས་འདིའི་རྩྭ་ས70%ས་ནག་ཐང་དུ་གྱུར་ཏེ་ཕྱུགས་ཟོག་ལ་རྩྭ་ཆད་ཅིང་མང་ཚོགས་ལ་ཡོང་སྒོ་མེད་པར་གྱུར་བས། ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཟླ་ངོ་གསུམ་ལ་མ་གཏོགས་རང་ས་གནས་སུ་ཕྱུགས་འཚོ་ཐབས་བྲལ་ཏེ། སྡེ་མི་མང་པོས་ཕྱུགས་ཟོག་དེད་དེ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་རྫོང་སོགས་སུ་སོང་སྟེ། གཞན་གྱི་རྩྭ་ས་གླས་ནས་ཕྱུགས་འཚོས་མྱོང་། སྐབས་དེར་ཁ་པར་དང་དྲ་རྒྱ་མེད་ལ། འགྲིམ་འགྲུལ་ཡང་སྟབས་མི་བདེ་བས། ཧ་ལམ་ལོ་ཕྱེད་ཙམ་གྱི་རིང་ལ་བཟའ་མི་ཕན་ཚུན་ངོ་འཕྲད་རྒྱུ་ལྟ་ཞོག ཐ་ན་སྐད་ཅིག་བསྐུར་རྒྱུའང་ཧ་ཅང་དཀའ། ད་དུང་སྡེ་མི་རྒན་པ་འགའ་རེ་ཕྱིར་རང་ཡུལ་དུ་ལོག་མ་ཐུབ་པར་ས་ཆ་གཞན་ནས་ཚེ་ལས་འདས་སོང་བའང་ཡོད”ཅེས་བཤད། སྐད་ཆ་འདི་ཐོས་དུས་པུ་དོན་སྡེ་བའི་འདས་སོང་གི་ལོ་ཟླའི་རི་མོ་ཞིག་སེམས་ངོགས་སུ་ཝ་ལེར་ཤར་ཡོང་།

དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་ནག་ཐང་བཅོས་སྐྱོང་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། དེར་བསྟུན་གྱི་རྩྭ་སྐྱོང་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་མྱོང་སྟེ། 1998ལོར“རྩྭ་ཕྱུགས་དོ་མཉམ”གྱི་སྲིད་ཇུས་བཏོན་ནས། ཕྱུགས་ཟོག་གི་གྲངས་ཚད་ཚོད་འཛིན་བྱས་པས་རྩྭ་སའི་གནོན་ཤུགས་དངོས་གནས་ཇེ་ཡང་དུ་བཏང་ཞིང་། སྨར་འབྲིང་ཡུལ་ཚོ་ཡོངས་ཀྱི་ས་ནག་ཐང་བཅོས་སྐྱོང་བྱ་བར་རྨང་གཞིའི་རང་བཞིན་གྱི་འགན་སྲུང་འདོན་སྤྲོད་བྱས། 2000ལོར་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་བཏོན་པར་བརྟེན། ས་ནག་ཐང་བཅོས་སྐྱོང་བྱ་བར་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་ཚན་ཆུང་གིས་དོ་སྣང་ཆེན་པོ་བྱས་ཏེ། ལོ་རེ་བཞིན་ས་ནག་ཐང་བཅོས་སྐྱོང་ལས་གཞི་སྣ་མང་ལག་བསྟར་བྱས་པས། སྨར་འབྲིང་ཡུལ་ཚོ་དང་ནང་སྒོས་སུ་པུ་དོན་སྡེ་བའི་རྩྭ་ས་ལོ་རེ་བཞིན་ཉམས་གསོ་བྱུང་།

ལོ་རྒྱུས་ལ་རྫོགས་མཐའ་མེད་ཀྱང་འཕེལ་རྒྱས་ཡོད་པའི་ཆོས་ཉིད་བཞིན། ད་ལྟའི་པུ་དོན་སྡེ་བ་རུ་མཐོན་པོ་སྒང་ན་རྩྭ་ལྗང་རླུང་གིས་བསྐྱོད་ཅིང་དམའ་མོ་གཞོང་ན་ཆུ་ཕྲན་གྱ་གྱུར་འབབ་པའི་རྣམ་པ་ཉམས་དགའ་བ་ཞིག་མངོན་འདུག “དེ་ནི་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་དང་སྡེ་མི་རྣམས་ཀྱིས་རང་ཉིད་འཚོ་སའི་རྩྭ་སར་བདག་སྐྱོང་ལེགས་པོ་བྱེད་དགོས་པར་བསམ་པའི་འདུ་ཤེས་འཛིན་སྟངས་ཡག་པོ་གཉིས་ཟུང་དུ་འབྲེལ་བའི་འབྲས་བུ་བཟང་པོ་ཡིན་ལ། དེང་སྐབས་ས་ནག་ཐང60%སླར་གསོ་བྱུང་ཡོད་པ་དང་། གོང་རིམ་གྱིས་ཀྱང་ང་ཚོའི་བྱས་འབྲས་ལ་བསྟོད་པའི་མཐེ་བོང་བསྒྲེངས་པ་ཐེངས་གཅིག་མིན”ཞེས་པུ་དོན་སྡེ་བའི་ཧྲུའུ་ཅི་ཚེ་རིང་རྒྱལ་གྱིས་སྤོབས་པའི་ཉམས་དང་བཅས་དེ་ལྟར་བཤད།

ཉེ་བའི་ལོ་འདི་འགར། སྨར་འབྲིང་ཡུལ་ཚོ་པུ་དོན་སྡེ་བས་ས་ནག་ཐང་བཅོས་སྐྱོང་བྱེད་ཆེད“ཕྱུགས་འགོག་རྩྭ་སྐྱོང་”དང“རྩྭ་ས་དྲ་མིག་ཅན་གྱི་དོ་དམ”བྱེད་ཐབས་སོགས་དོན་འཁྱོལ་བྱས་པ་དང་། སྡེ་བའི་དབུལ་ཐར་ཁྱིམ་ཚང་གི་མི50ལྷག་སྐྱེ་ཁམས་བདག་སྐྱོང་པར་བསྐོས་ཏེ། ཁོ་ཚོར་ལོ་རེར་ཆ་སྙོམས་ཀྱི་གླ་ཕོགས་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་རེ་བྱིན་ནས་རྩྭ་སར་བདག་སྐྱོང་བྱེད་པའི་འགན་འཁུར་དུ་བཅུག་པ་དང་། སྡེ་མི་ཡོངས་ཀྱིས་ས་ནག་ཐང་བཅོས་སྐྱོང་བྱ་བ་སྤེལ་བར་རང་ནུས་ཅི་ལྕོགས་ཀྱིས་གཞོགས་འདེགས་བྱས་པ་བརྒྱུད། སྔོན་ཆད་ཀྱི་ས་ནག་ཐང་དུ་ད་ལྟ་རྩྭ་ལྗང་གིས་ཁེབས་ཤིང་། ཡུལ་གཞན་དུ་རུ་སྤར་ཏེ་རྩྭ་ས་གླས་ནས་ཕྱུགས་འཚོ་བཞིན་པའི་སྡེ་མི་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཕྱིར་རང་ས་རང་ཡུལ་དུ་ལོག་ནས་ཕྱུགས་འཚོས་ཏེ་སོས་དལ་བག་ཕེབས་ཀྱི་འཚོ་བ་རོལ་བཞིན་མཆིས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།