ནོར་རྒྱ་རྒྱ་ནི་གསང་རི་མ་ཡུལ་ཚོའི“ནོར་བུ་རྩ་ཆེན”ཞིག་ཡིན།
2023.08.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

“རི་གསེར་ལྡན་ཡག་གི་གོང་ཁ་ན། འབྲི་རྒྱ་རྒྱ་རོག་རོག་སྤང་ལ་འདྲེས།” མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོ་རུ་སླེབས་ཙམ་ན། ཐང་མར་བརྡལ་འདྲའི་ནོར་གནག་ཁྱུ་དང་ཁྱུ་བྱས་ཏེ་སྤང་ལྗོངས་ཡོངས་སུ་ཁེབས་འདུག

ཕྱུགས་ཟོག་ནི་འབྲོག་པའི་འཚོ་བའི་རྟེན་གཞི་རུ་གྱུར་ཡོད་དེ། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ། ཐབ་ལ་འབུད་རྒྱུ་ལ་སོགས་པ་ཐམས་ཅད་ཕྱུགས་ཟོག་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ཅིང་། རོང་པས་ཞིང་འདེབས་པ་དང་འབྲོག་པས་ཕྱུགས་འཚོ་བ་ནི་མ་གཞི་ནས་མཐོ་སྒང་གི་མི་རིགས་འདིའི་མི་རབས་ནས་མི་རབས་བར་གྱི་འཚོ་བའི་ཀ་རྟེན་དང་རིག་གནས་ཀྱི་གཞི་རྟེན་དུ་གྲུབ་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱང་དེ་ལས་མ་འདས་ཏེ། གནའ་ནས་ད་བར་དུ་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པར་བརྟེན་ནས་ཁ་གསོ་བ་ནི་འཚོ་བའི་བརྟེན་ས་ཉག་ཅིག་ཏུ་གྱུར་ཡོད།

སྤྱིར་ན་གསང་རི་མ་ཞེས་པའི་ས་ཆ་འདིའི་ཕྱུགས་རྒྱུད་ཤིན་ཏུ་ལེགས་ཏེ། སྤུ་མདོག་ནག་ལ་སེར་ཞད་འདྲེས་ཤིང་། གཟུགས་བོངས་ཆེ་ལ་ས་གནས་གཞན་གྱི་ནོར་གནག་དང་བསྡུར་ན་གཟུགས་བོང་ཆེ་ཞིང་། རྒྱ་ཁ་ནས་ཀྱང་གཞན་ལས་ལྕི་བར་མ་ཟད། ཤ་ཡང་ཅུང་སྲ་མོ་ཡིན་པ་ནི་གནས་འདིའི་ཕྱུགས་རྒྱུད་ཀྱི་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྲུབ་ཡོད། ཡིན་ནའང་། དེང་གི་ཆ་ལ་གཅིག་ནས་ས་བབ་མཐོ་བ་དང་། གཉིས་ནས་ས་གཞན་གྱི་ཕྱུགས་རྒྱུད་དང་མཉམ་བསྲེས་བྱས་པས་སྔོན་གྱི་ཕྱུགས་རྒྱུད་ཉམས་པ་དང་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་ལྟ་བུའི་གནས་ཚུལ་ལ་དམིགས་ཏེ། གསང་རི་མ་ཡུལ་ཚོས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱེད་ཆེད། རྫོང་རིམ་པ་ནས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། 2021ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་ཞིང་ལས་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་ཞིང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“དར་ལག་གི་ནོར་རྒྱ་རྒྱ”ཡི་ཁྱད་རྟགས་ཧུར་ཐག་གིས་བསྐྲུན་པ་དང་། གསང་རི་མ་ཡུལ་ཚོ་རུ“ནོར་རྒྱ་རྒྱ་གསོ་སྤེལ་རྟེན་གཞི”དངོས་སུ་བཙུགས་ནས། ས་གནས་འདིའི་ཕྱུགས་རྒྱུད་སླར་གསོ་དང་ནོར་གནག་རྒྱ་རྒྱའི་ཕྱུགས་རྒྱུད་སྤེལ་བའི་ཐད་ཤུགས་ཆེན་པོ་བཏོན་ཏེ། གྲོང་གསེབ་དར་སྤེལ་ལས་ཐོན་ལས་དར་སྤེལ་གྱི་ཕྱོགས་དང་། རང་ཞིང་གི་གནས་བཞི་འཛུགས་སྐྲུན་ལས་ཞིང་ཕྱུགས་སྐྱེ་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པའི་ཐད་དུ་ཤ་འབད་རུས་འབད་བྱེད་ཀྱིན་འདུག

གསར་འགོད་པས་གསང་རི་མ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་འགོ་གཙོ་ཚེ་དབང་ཐར་ལ་བཅར་འདྲི་བྱས་པ་ན། ཁོས“གསང་རི་མ་ཡུལ་ཚོ་རུ་མཉམ་འབྲེལ་ཁང་གཅིག་དང་། དེའི་མངའ་འོག་ཏུ་མཉམ་ལས་ཁང་བཞི་ཡོད། མཉམ་འབྲེལ་ཁང་འདི་ནི་མཚོ་སྔོན་གྱི་གནས་བཞི་འཛུགས་སྐྲུན་ལས་སྐྱེ་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་ས་ཡིན་ལ། གཙོ་བོ་གྲོང་གསེབ་དར་སྤེལ་ལས་ཐོན་ལས་དར་སྤེལ་གཙིགས་སུ་འཛིན་པ་དང་། ནོར་རྒྱ་རྒྱ་གསོ་སྤེལ་བྱས་ནས་མཉམ་ལས་ཁང་གི་ཕྱུགས་རྒྱུད་ངན་པ་བརྗེ་སྤོར་བྱེད་པ་དང་། དེར་བརྟེན་ནས་རང་སའི་ནོར་གནག་རྒྱ་རྒྱ་ཕྱུགས་རྒྱུད་དག་མ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མང་ཚོགས་ལ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཡོང་འབབ་བསྐྲུན་པ་ནི་དམིགས་ཡུལ་ཡིན”ཞེས་བཤད་ཅིང་། གསོ་སྤེལ་རྟེན་གཞི་བཙུགས་པ་ཡིས་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་རྟགས་བསྐྲུན་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད་ལ། ནོར་རྒྱ་རྒྱ་ནི་གསང་རི་མ་ཡུལ་ཚོའི“ནོར་བུ་རྩ་ཆེན”ཞིག་ཏུ་གྱུར་ཡོད།

རྒྱུས་ལོན་པ་ལྟར་ན། གསོ་སྤེལ་རྟེན་གཞི་དེས་གསང་རི་མ་ཡུལ་ཚོའི་སྡེ་བ་སོ་སོ་ནས་ས་གནས་ཀྱི་ཕྱུགས་རྒྱུད་དག་མ་ཚུར་ཉོས་ནས་ཕྱུགས་རྒྱུད་སླར་གསོ་བྱེད་བཞིན་ཡོད་པ་དང་། མིག་སྔར་གསོ་སྤེལ་རྟེན་གཞི་རུ་ནོར་གནག760ལྷག་ཙམ་ཡོད་ཅིང་། ཕྱུགས་རྫི་དང་དོ་དམ་པ་སོགས་ལས་བཟོ་པ་མི10ཡོད་ལ། ཁོ་ཚོ་ཚང་མ་ནི་སྡེ་བ་སོ་སོའི་ནང་གི་དབུལ་ཐར་ཁྱིམ་ཚང་ངམ་ཆ་རྐྱེན་ཅུང་ཉམས་ཞན་ཅན་ཡིན་ཞིང་། ཚང་མར་ཟླ་རེར་སྒོར5000རེའི་གླ་ཕོགས་ཡོད་པ་དང་།  གསོ་སྤེལ་རྟེན་གཞི་རུ་ལས་ཞུགས་བྱེད་ཐུབ་པས་ཁྱིམ་ཚང་གི་ཡོང་སྒོའི་ཐད་རོགས་སྐྱོར་ཆེན་པོ་བྱས་འདུག རྗེས་ཕྱོགས། ཕྱུགས་ཟོག་ཁྲི་སྟོང་ལས་བརྒལ་བའི་རྟེན་གཞི་ཞིག་འཛུགས་རྒྱུ་ནི་གསང་རི་མ་ཡུལ་ཚོ་ནོར་གནག་གསོ་སྤེལ་རྟེན་གཞི་འདིའི་མ་འོངས་པའི་འཆར་གཞི་ཆེན་པོ་ཞིག་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།