མཚོ་སྔོན་གྱིས་མཐོ་སྒང་གི་ཁྱད་ཆོས་དང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་སྒོས་བསྐྲུན།
2023.08.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་རྣམ་སྲས་ས་ཁུལ་གྱི་མཛེས་ལྗོངས།

རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་སྐྲུན་གལ་ཆེན་ཞིག་རེད། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་སྔོན་ལ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པ་དམིགས་འབེན་དུ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

རང་བྱུང་སྲུང་སྐྱོབ་ཁུལ་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས།《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》བཟོས་ནས་ལེགས་འགྲུབ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་གྱི་གྲུབ་ཆའི་ཇུས་གཞི་སོགས་ལམ་ལུགས་ཀྱི་བྱ་ཐབས18བཟོས་ནས་བཏོན་ལ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་སོགས་ལག་རྩལ་ཚད་གཞི་ཁག་བཞི་ཁྱབ་བསྒྲགས་བྱས་པ་དང་། ཚད་ལྡན་གཅིག་གྱུར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཚད་གཞིའི་མ་ལག་ཅིག་ཆགས་པར་བྱས་པ་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འཛུགས་སྔོན་ལ་འཚོལ་ཞིབ་ཀྱང་བྱས། རྒྱལ་ཡོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརྟག་དཔྱད་དཔྱད་འཇོག་དང་བསྡུ་སྒྲིལ་ལེགས་གཏོང་གི་བྱ་བ་སྔོན་ལ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ109བསྡུ་སྒྲིལ་ལེགས་གཏོང་བྱས་པའི་རིགས་གསུམ་པའི་གནས83དང་། དེའི་ཁྲོད་རྒྱལ་ཁབ་སྤྱི་གླིང2དང་། རང་བྱུང་སྲུང་སྐྱོང་ས་ཁུལ17  རང་བྱུང་སྤྱི་གླིང64བཅས་ཡོད་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བདུན་སྟོང་གཉིས་ལྷག་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་39.08%ཟིན་པ་དང་། རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི75.85%ཟིན་པ། སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བསྡུར་གྲངས་ཀྱི42.56%ཟིན་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་བྱེད་པ། རིགས་སོ་སོའི་རང་བྱུང་སྤྱི་གླིང་གིས་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ལ་ཁ་གསབ་བྱས་ཡོད།

སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གསུམ་བསྐྲུན་བཞིན་པའི་ཞིང་ཆེན་ཞིག་ཡིན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་ནས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་གྲས་དང་ཨང་དང་པོར་སླེབས་པ། རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་འབུམ་གཅིག་དང་ཁྲི་དགུ་ལྷག་བར་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁུལ་གལ་ཆེན་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་བཅུག་པ་བཅས་རེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་མ་ཟད་རྒྱལ་ཁབ་ཀྱི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་སྟེགས་བུ་དང་དེ་མིན་ཁུལ་དང་རྫོང་གི་ཡན་ལག་ཚོད་འཛིན་ལྟེ་གནས་བཙུགས་པ་དང་། སྤུས་ཚད་མཐོན་པོས་ཚད་གཞི་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས40བསྐྲུན་པ།“སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལམ་སྲོལ་མུ་མཐུད་ཇེ་ལེགས་སུ་བཏང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཞིབ་འཇུག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་རེད། 2022ལོའི་ཟླ་བཞི་པར། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་མཆན་བཀོད་ཆོག་མཆན་དངོས་སུ་ཐོབ་ནས། མགྱོགས་མྱུར་སྒོས་བརྟག་དཔྱད་དང་གཏན་འཁེལ་གྱི་ཁྱབ་ཁོངས་དང་དེ་མིན་དོ་དམ་ཚོད་འཛིན་ཁུལ་དང་། སྒྲིག་སྲོལ་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཞིང་ཆེན་ཡོངས་སུ་ནགས(རྩྭ)དཔོན6467འདེམས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་ལྔའི་ནགས(རྩྭ)དཔོན་གྱི་ལམ་ལུགས་རྩ་འཛུགས་མ་ལག་དང་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ། “ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས་ཚལ་གྱི་ཚན་གཙོ་ཡིས་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་སྤྱི་ཁྱབ་ནགས་ཚལ་གྱི་ཚན་གཙོ་ཡིས་ལྟ་སྐུལ་བྱེད་པ། རྫོང་རིམ་པའི་སྤྱི་ཁྱབ་ནགས་ཚལ་གྱི་ཚན་གཙོ་ཡིས་དོན་འཁྱོལ་དམ་འཛིན་བྱེད་པ”བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་ཡོད། ནགས་ཀྱི་ཁེབས་ཚད7.5%ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད57.9%ཟིན་པ། བརླན་ས་སྲུང་སྐྱོབ་བྱེད་ཚད64.3%ཟིན་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་པ། ཆུ་ཁུངས་གསོ་སྐྱོང་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དགུ་ལས་བརྒལ་བ་བཅས་རེད། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། གཙོད་དང་དགོ་བ་སོགས་རྩ་ཆེ་ལ་འཇིག་ཉེན་ཡོད་པའི་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་གསའ་ཡི་ཁྱུ་ཚོགས་ཀྱི་གྲངས་ཀ་སླར་གསོ་བྱུང་ནས་ཇེ་མང་དུ་གྱུར་ཡོད།

དེ་དང་ཆབས་ཅིག མཚོ་སྔོན་གྱིས་མཉམ་སྐྲུན་མཉམ་སྤྱོད་མཐུན་སྦྱོར་འཕེལ་རྒྱས་འཚོལ་ཞིབ་ཧུར་ཐག་བྱས་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་རྒྱུག་ཁུལ་གྱི་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་སྐྲུན་མཉམ་སྤྱོད་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་བསྡོམས་པའི་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་ལྷག་བཀོད་སྒྲིག་བྱས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པར་གྱུར། རང་བྱུང་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྩ་འཛིན》པར་འགྲེམས་བྱས་ནས། སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྟེན་གཞི་31འཛུགས་རྒྱུའི་ཆོག་མཆན་ཐོབ།

སྐྱོད་ལམ་གསར་པར་ཞུགས་པ་དང་མུ་མཐུད་དུ་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན་ཏེ། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བ། ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ། བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། དེང་རབས་ཅན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་པ། བློ་བརྟན་འགྱུར་མེད་སྒོས་མཉམ་སྤྱོད་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སུ་བསམ་བློ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱས་རྗེས་གསར་པ་འཇོག་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།